ཟླ་བ་ ༦ ཚེས ༡༠ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༠ རེས་གཟའ་ལྷག་པ།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༩ རེས་གཟའ་མིག་དམར་ཉིན་རྒྱ་གར་གྱི་གསར་འགྱུར་ཚན་པ་འདྲ་མིན་གྱི་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་ India Today ཞེས་པའི་གསར་འགོད་པ་སྐུ་ཞབས་ར་ཧུལ་ཀན་ཝལ་ Rahul Kanwal ལགས་ཀྱི་དྲི་བར་ལན་འདེབས་གནང་། གསར་འགོད་པས་ཉེ་ལམ་རྒྱ་གར་དང་བོད་ཀྱི་ས་མཚམས་ཐོག་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་གདོང་ཐུག་བྱུང་བའི་གནད་དོན་དེའི་སྐོར་བོད་མི་བཙན་བྱོལ་བའི་སྒྲིག་འཛུགས་ཤིག་གི་དབུ་ཁྲིད་ཡིན་པའི་ཆ་ནས་དགོངས་ཚུལ་གསུང་རོགས་ཞུས་པར་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ལོ་ངོ་ ༦༠ སྔོན་བོད་ནང་དཀའ་ངལ་འཕྲད་པ་དེ་མཚུངས་རྒྱ་གྱར་གྱིས་གཙོས་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལའང་དཀའ་ངལ་འཕྲད་རྒྱུ་ཡིན་པ་ང་ཚོས་སྔོན་བརྡ་བཏང་ཡོད། ད་ཆ་གཟིགས་དང་། ས་མཚམས་ཁག་ཏུ་རྒྱ་མིས་དཔུང་འཇུག་བྱ་རྒྱུས་མཚོན་ཁྱིམ་མཚེས་རྒྱལ་ཁབ་ལ་རྒྱ་ནག་གཞུང་གིས་གནོན་ཤུགས་ཇི་ཙམ་སྤྲོད་བཞིན་ཡོད་པ་ཚང་མས་མཁྱེན་གསལ་རེད།  རྒྱ་མིས་བོད་ཙམ་མ་ཟད་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ནང་གནོན་ཤུགས་རྒྱ་སྐྱེད་གཏོང་ཐབས་བྱེད་བཞིན་ཡོད། བོད་ཀྱི་གནད་དོན་མ་གསལ་བར་ས་མཚམས་ཀྱི་རྙོག་གྲ་དང་འབྲེལ་བའི་ཛ་དྲག་གི་གནས་སྟངས་མུ་མཐུད་ལྷག་རྒྱུ་རེད།

གསར་འགོད་པས། ཉེ་ལམ་རྒྱ་ནག་གཞུང་གིས་འཕགས་བོད་ས་མཚམས་སུ་དམག་མི་དཔུང་འཇུག་བྱས་པ་དང་། ཕྱོགས་མཚུངས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུའང་དམག་དོན་རྒྱ་སྐྱེད་ཀྱི་ལས་དོན་སྤེལ་བ།  དེ་བཞིན་ཐེ་ཝན་དང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་འདྲ་མིན་བཅས་ཀྱི་ནང་ཉེ་ལམ་རྒྱ་ནག་གིས་དམག་གི་སྟོབས་ཤུགས་ངོམས་ནས་ཐལ་ཆེའི་དམག་དོན་རྒྱ་སྐྱེད་ལས་གཞི་སོགས་སྤེལ་བཞིན་པ་དེར་ཁྱེད་རང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཞིག་ཡིན་པའི་སྒོ་ནས་བསམ་ཚུལ་གང་ཡོད་ཅེས་དྲིས་པར་དཔལ་ལྡན་སྲིད་སྐྱོང་མཆོག་གིས།  ཉེ་ལམ་རྒྱ་ནག་གཞུང་གིས་ས་མཚམས་ཁག་ཏུ་ཐལ་ཆེའི་དམག་དོན་རྒྱ་སྐྱེད་དང་དཔུང་འཇུག་བྱེད་བཞིན་པ་ནི་རྒྱ་ནག་གཞུང་གིས་རྒྱ་སྐྱེད་ཀྱི་རིང་ལུགས་ཀྱི་བསམ་ཚུལ་འཛིན་བཞིན་པ་ལས་བྱུང་བ་རེད། ཆབ་སྲིད་ཀྱི་ཐོག་ནས་རྒྱ་ནག་གཞུང་གིས་ཐབས་བྱུས་དེ་གང་འདྲ་རེད་བརྗོད་ན། རྒྱ་ནག་རྒྱལ་ནང་དུ་རྙོག་གྲ་དང་ཛ་དྲག་གི་གནས་སྟངས་རིགས་ནམ་བྱུང་སྐབས་རྒྱ་ནག་གཞུང་གིས་ཐབས་མཁས་པོའི་ཐོག་ནས་མི་དམངས་རྣམས་མགོ་སྐོར་གཏོང་ཆེད་རྒྱ་ནག་གི་ཕྱི་རོལ་དུ་ཆེད་མངགས་རྙོག་གྲ་སློང་བཞིན་ཡོད། 

ལྷོ་རྒྱ་ནག་རྒྱ་མཚོ་དང་ཧོང་ཀོང་། ཐེ་ཝན་བཅས་ལ་གཟིགས་དང་། དེ་བཞིན་འཕགས་བོད་གཉིས་ཀྱི་ས་མཚམས་རིང་ཚད་ཀི་ལོ་མི་ཊར་ ༣༤༨༨ ཡོད་པ་དེར་གཞིགས་དང་། དེ་སྔ་རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་དབང་སྒྱུར་བྱས་རྗེས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་མའོ་ཙེ་ཏུང་གིས་བཤད་པ་ལྟར་ན། བོད་དེ་ལག་མཐིལ་ཡིན་པ་དང་། བལ་ཡུལ་དང་འབྲས་ལྗོངས་། ལ་དྭགས། ཨ་རུ་ནཱ་ཅལ་པར་དེ་ཤི། འབྲུག་བཅས་ལྔ་པོ་མཛུབ་མོ་ལྔ་ཡིན་པ། ལག་མཐིལ་དབང་བསྡུ་ཐུབ་ཚེ་མཛུབ་མོ་ལྔ་པོ་རྣམས་ལས་སླ་པོར་དབང་སྒྱུར་བྱ་ཐུབ་པ་བཤད་ཡོད།  དེང་སྐབས་ལ་དྭགས་ཀྱི་དོན་རྐྱེན་དེའང་ལོ་ངོ་དྲུག་ཅུའི་སྔོན་གྱི་སྲིད་བྱུས་ཤིག་ཡིན་ནའང་ཉེ་ལམ་ཆེད་མངགས་རྒྱ་ནག་གཞུང་གིས་ས་མཚམས་ཁུལ་དུ་ཟིང་ཆ་བསླངས་པ་ནི་རྒྱ་ནག་རྒྱལ་ནང་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ལ་གདོང་ལེན་ཚུལ་བཞིན་མ་བྱས་སྟབས། ད་ཆ་འཛམ་གླིང་གང་སར་ཁྱབ་ནས་མི་གྲངས་ས་ཡ་མང་པོར་དཀའ་ངལ་ཚད་མེད་བཟོ་བཞིན་ཡོད་སྟབས།  ཉེ་ལམ་རྒྱལ་སྤྱིའི་སྤྱི་ཚོགས་སྤྱི་དང་ལྷག་པར་རྒྱལ་ཁབ་ ༡༣༠ ཙམ་གྱིས་ཏོག་དབྱིབས་གཉན་རིམས་ཐོག་མའི་འབྱུང་ཁུངས་གང་ནས་ཡིན་མིན་རྩད་གཅོད་བྱེད་དགོས་པའི་ཞུ་སྙན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཁང་ལ་ཕུལ་འདུག  རྒྱལ་སྤྱིའི་གནོན་ཤུགས་དེ་དག་ལ་བརྟེན་ནས་རྒྱ་ནག་གཞུང་ངོ་ཚ་ཁ་སྐྱེངས་ཆགས་ཡོད། ཅེས་ལན་འདེབས་གནང་།

གསར་འགོད་པས་བོད་ནང་གི་བོད་མིའི་གནས་སྟངས་སྐོར་དྲིས་པར་དཔལ་ལྡན་སྲིད་སྐྱོང་མཆོག་གིས། རྒྱ་ནག་དམར་ཤོག་ལ་མཚོན་ན་གཅིག་བསྡུས་དབང་འཛིན་རིང་ལུགས་ཡིན་པར་བརྟེན་དབང་ཆའི་འཐབ་རྩོད་ཐོག་དུས་རྟག་ཏུ་དོགས་ཟོན་དང་།   མི་དམངས་ལ་ཡིད་ཆེས་བློ་འགེལ་བྱེད་མ་ཐུབ་པའི་གནས་སྟངས་ངང་གནས་ཡོད་པ་དང་།  བོད་ནང་ལ་མཚོན་ནའང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་སུན་གཙེར་ཧ་ཅང་བཟོ་བཞིན་ཡོད་པ་མ་ཟད། ཉེ་ལམ་ས་ག་ཟླ་བའི་དུས་ཚིགས་ཁྱད་པར་ཅན་སྐབས་སུའང་བོད་མི་ཚོར་དགོན་པར་མཆོད་མཇལ་དུ་འགྲོ་རྒྱུར་རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་། གྲྭ་བཙུན་རྣམས་ས་གནས་གཅིག་ནས་གཞན་ལ་སྐྱོད་སྐབས་རྒྱ་ནག་གཞུང་གི་ས་གནས་ལས་ཁུངས་ནས་དམིགས་བསལ་ཆོག་མཆན་ཞུ་དགོས་པ་མ་ཟད།  ཕྱི་རྒྱལ་དུ་འགྲོ་དགོས་ན་དབུས་གཞུང་ནས་དམིགས་བསལ་ཆོག་མཆན་བཀའ་འཁྲོལ་ཞུ་དགོས་པ་སོགས་ཧ་ཅང་སུན་གཙེར་བཟོ་བཞིན་ཡོད། ཅེས་གསུངས།

ཡང་གསར་འགོད་པས་ས་མཚམས་ཐོག་རྒྱ་ནག་གཞུང་གིས་དམག་དོན་རྒྱ་སྐྱེད་ཀྱི་ལས་གཞིའི་སྐོར་གསུང་རོགས་ཞུས་པར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལན་འདེབས་གནང་དོན། དེ་སྔ་རྒྱ་ནག་གཞུང་བོད་ཀྱི་ས་ཐོག་ཏུ་ཐོག་མར་འཛུལ་ཡོང་སྐབས་བོད་མི་རྣམས་ཀྱི་འཚོ་བ་ཡར་རྒྱས་གཏོང་རྒྱུ་དེ་ཁོ་པའི་འགན་གཙོ་བོ་ཡིན་ཁུལ་བྱས་ནས་གཞུང་ལམ་གསར་རྒྱག་དང་། མི་དམངས་དང་ལག་སྦྲེལ་གྱིས་སོ་ནམ་འདེབས་ལས་སོགས་བྱས་ཡོད། འོན་ཀྱང་མི་རིང་བར་གཞུང་ལམ་དེ་དག་ཐོག་རྒྱ་མིའི་དམག་མི་དང་མེ་སྒྱོགས།  ལྕགས་ཁྲབ་འཁོར་ལོ་སོགས་འོར་འདྲེན་བྱས་མཐར་བོད་ས་དབང་སྒྱུར་བྱས་ཡོད།  བོད་ནང་ལ་མཚོན་ན་གནམ་ཐང་ ༣༠ བརྒྱབ་ཡོད།  བོད་དང་ཉེ་བའི་ལ་དྭགས་དང་ཨ་རུ་ནཱ་ཅལ་ཁུལ་དུ་རྒྱ་མིས་དམག་མིའི་གནམ་ཐང་དྲུག་བརྒྱབ་ཟིན། ད་ཆ་རྒྱ་ནག་གཞུང་གིས་གླིང་ཆེན་གཅིག་ནས་གཅིག་ལ་གཏོར་རྒོལ་བྱེད་ཐུབ་པའི་རྡུལ་ཕྲན་མཚོན་ཆ་ལྟ་བུའང་བོད་མཐོ་སྒང་དུ་བཀོད་སྒྲིག་བྱས་ཡོད།

མེ་འཁོར་ལྕགས་ལམ་ལ་གཟིགས་དང་། ཐོག་མར་རྒྱ་ནག་གཞུང་གིས་རྒྱ་ནག་ནས་ལྷ་ས་བར་བཙུགས་ནས་ད་ཆ་རྒྱ་སྐྱེད་བཏང་ནས་གཞིས་ཀ་རྩེ་གྲོང་ཁྱེར་དང་། དེ་ནས་རིམ་བཞིན་རྒྱ་སྐྱེད་ཀྱིས་ད་ཆ་བལ་ཡུལ་ས་མཚམས་སུ་མེ་འཁོར་ལྕགས་ལམ་བཙུགས་ཟིན་ཡོད། མེ་འཁོར་ལྕགས་ལམ་དེ་དག་ཀྱང་མི་མང་འགྲུལ་བཞུད་ཙམ་མིན་པར་དམག་མིའི་གོ་མཚོན་འོར་འདྲེན་བྱེད་ཐུབ་པའི་ལྕགས་ལམ་བརྒྱབ་ཡོད། དེ་དག་རྒྱ་ནག་གཞུང་གིས་ཆེད་མངགས་དམག་བརྒྱག་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད། བོད་མཐོ་སྒང་ཡོངས་རྫོགས་དམག་དོན་རྒྱ་སྐྱེད་བཏང་ནས་དམག་ས་ཆེན་པོ་ཞིག་ཏུ་བསྒྱུར་ཡོད། 

དེར་བརྟེན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆོག་གིས་གལ་ཏེ་རྒྱ་གར་གྱིས་གཙོས་རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་ཞི་བདེ་བརྟན་ལྷིང་གི་ཁོར་ཡུག་ཅིག་སྐྲུན་དགོས་ན།  བོད་མཐོ་སྒང་གི་ས་ཁུལ་དེ་དམག་འཐབ་སྤོང་བའི་ཞི་བདེའི་ས་ཁུལ་ཞིག་ཏུ་སྒྱུར་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་བཀའ་སློབ་སྩལ་ཡོད།  ལོ་རྒྱུས་ཐོག་ནས་ཞུ་ན་འཕགས་བོད་ས་མཚམས་ཐོག་དེ་སྔ་དམག་མི་ལྟ་ཞོག་ཉེན་རྟོག་མི་སྣ་ཙམ་ཡང་མེད་པར་ཡུལ་གཉིས་པོའི་མི་སེར་རྣམས་ཕན་ཚུན་འགྲུལ་བཞུད་སྟབས་བདེའི་ངང་བྱས་ཐུབ་ཡོད། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་རྗེས་རྒྱ་གར་གྱིས་ཐོག་ཏུ་རྒྱ་མི་སླེབས་པར་བརྟེན་ད་ལྟའི་རྙོག་གྲ་ཡོངས་རྫོགས་བྱུང་བ་རེད། ཅེས་གསུངས།

གསར་འགོད་པས། རྒྱ་ནག་གཞུང་གིས་དེང་སྐབས་བོད་མི་རྣམས་འཚོ་བའི་མདུན་ལམ་ཧ་ཅང་ཡག་པོ་ཡོད་སྟབས་བོད་ལ་དཀའ་ངལ་ཡོད་ཟེར་བ་དེ་འདས་ཟིན་པའི་སྐད་ཆ་རེད། ཅེས་བཤད་བཞིན་ཡོད། དེར་དགོངས་ཚུལ་གསུང་རོགས་ཞུས་པར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལན་འདེབས་གནང་དོན།   དབང་སྒྱུར་བྱས་པ་དེར་ཡར་རྒྱས་ཧ་ཅང་བཏང་བའི་སྡུག་ཡུས་བཤད་རྒྱུ་དེ་བཙན་རྒྱལ་རིང་ལུགས་ཀྱི་སྲིད་བྱུས་རྙིང་པ་ཞིག་རེད། རྒྱ་གར་ཨིན་ཇིའི་དབང་འོག་ཏུ་ལོ་ངོ་ ༢༥༠ བསྡད་ཡོད། སྐབས་དེར་ཡང་ཨིན་ཇི་བཙན་རྒྱལ་རིང་ལུགས་ཀྱིས་ཨིན་ཇིས་དབངསྒྱུར་བྱས་རྗེས་རྒྱ་གར་ནང་གི་གནས་སྟངས་ཡར་རྒྱས་ཕྱིན་པ་བཤད་ཡོད། གལ་ཏེ་རྒྱ་ནག་གཞུང་ལ་གདེངས་ཚོད་ཡོད་ན་བོད་ནང་དུ་གཞིས་བཞུགས་བོད་མིར་རང་དབང་ཡོད་ན། རྒྱ་མི་ལས་བོད་མི་ཞིག་འགོ་ཁྲིད་གདམ་རྒྱུ་ཡིན་པ་གཏན་འཁེལ་རེད། ང་དང་ཞི་ཅིང་པིང་གཉིས་ལས་ང་བོད་མིའི་འགོ་ཁྲིད་དུ་གདམ་རྒྱུ་རེད། དེ་ནི་ང་རང་བོད་མི་ཞིག་ཡིན་པའི་ཆ་ནས་ཡིན་པ་མ་གཏོགས་བློ་བཟང་སེངྒེ་ཡིན་པའི་ངོས་ནས་མ་རེད། ཅེས་སོགས་ལན་འདེབས་གནང་འདུག །