ཟླ་བ་ ༥ ཚེས ༢༡ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༡ རེས་གཟའ་ཕུར་བུ།

༄༅། །ཨ་རིའི་གྲོས་ཚོགས་ནང་གི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མང་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ Jim McGovern མཆོག་དང་།  ལས་དོན་ཚོགས་ཆུང་གི་ཚོགས་གཞོན་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་ Marco Rubio མཆོག་གིས་བསྒྲགས་གཏམ་ཞིག་སྤེལ་བ་བརྒྱུད།  ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གི་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ཧྲིལ་པོ་ ༢༥ འཁོར་བའི་དུས་ཚིགས་དང་བསྟུན།  ཁོང་དང་ཁོང་གི་ནང་མི་ལྷན་རྒྱས་ས་གནས་གང་དུ་བཀག་ཉར་བྱས་པ་དང་། གནས་སྟངས་ཇི་ཡིན་རྒྱ་ནག་གཞུང་གིས་ངེས་པར་གསལ་བཤད་བྱེད་དགོས་པ་མ་ཟད།  མགྱོགས་མྱུར་གློད་བཀྲོལ་གཏོང་རོགས་ཞེས་རེ་འདུན་ཤུགས་ཆེ་བཏོན་པའི་བསྒྲགས་གཏམ་སྤེལ་འདུག

དེ་ཡང་བསྒྲགས་གཏམ་དེའི་ནང་འཁོད་དོན། ལོ་ངོ་ ༢༥ གོང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ནང་མི་བཅས་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཡོད།  ད་བར་ཁོང་དང་ཁོང་གི་ནང་མི་ལྷན་རྒྱས་མཇལ་རྒྱུ་ལྟ་ཞོག་གནས་སྟངས་ཇི་འདྲ་ཞིག་ངང་ཡོད་པའི་སྐོར་ཙམ་ཡང་ཤེས་རྟོགས་མ་ཐུབ།  དེར་བརྟེན་ཁོང་རྣམས་ནི་འཛམ་གླིང་ནང་གི་ཆབ་སྲིད་བཙོན་པ་ཉེས་ཆད་དུས་ཡུན་རིང་ཤོས་ཕོག་མཁན་གྲས་ཆགས་ཡོད།  ང་ཚོས་རྒྱ་ནག་གཞུང་ལ་ཆ་རྐྱེན་གང་ཡང་མེད་པར་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ནང་མི་བཅས་གློད་བཀྲོལ་གཏོང་དགོས་པ་དང་། བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་ཁང་ཆེ་ཤོས་སུ་གྲགས་པ་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་ཆོས་སྒར་གཉིས་ནང་ཆོས་བྱེད་དགེ་འདུན་གྱི་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་བསྒྲགས་སུན་གཟེར་བཟོས་པ་མ་ཟད།  གྲྭ་བཙུན་དགོན་པ་ནས་ཕྱིར་འབུད་བཏང་བ་དང་།  གྲྭ་ཤག་གཏོར་བཤིག་བཏང་བ། དེ་བཞིན་དགོན་པའི་ནང་ ༼ མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས།  ༽ ཟེར་བའི་ལས་འགུལ་སྤེལ་བཞིན་པ་དེ་དག་མཚམས་འཇོག་བྱེད་དགོས།   ལྷག་པར་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྩད་གཅོད་ཞུ་རྒྱུའི་སྲོལ་རྒྱུན་ལམ་ལུགས་ལ་རྒྱ་ནག་གཞུང་གིས་དབང་སྒྱུར་བྱེད་བཞིན་པར་ང་ཚོས་སེམས་འཚབ་དང་སྦྲགས་མཚམས་འཇོག་བྱེད་དགོས་པའི་རེ་འདུན་ཤུགས་ཆེ་ཞུ་རྒྱུ་ཡིན། 

རྒྱ་ནག་གཞུང་གིས་བོད་དུ་སྲིད་བྱུས་དེ་དག་ལག་བསྟར་བྱེད་བཞིན་པའི་དམིགས་ཡུལ་ནི་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་གོམས་གཤིས་ལུགས་ཟུར་གསལ་ཡོད་པ་དེ་དག་རྩ་མེད་གཏོང་ཆེད་རེད།  རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་གྲངས་ཉུང་མི་རིགས་སྲུང་སྐྱོབ་ཀྱི་ཁྲིམས་འཆར་ལ་བརྩི་བཀུར་ཞུ་རྒྱུའི་མཚན་རྟགས་བཀོད་ཡོད་སྟབས་ཁ་དན་ཚིག་ལ་གནས་དགོས། 

ཨ་རིའི་གཞུང་ནས་ཀྱང་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་འདྲ་མཉམ་དཔྱོད་བྱ་རྒྱུའི་ཁྲིམས་ལུགས་གཏན་འབེབས་ཟིན་པ་དང་།  ཉེ་ལམ་བོད་དོན་རྒྱབ་སྐྱོར་གྱི་བསྐྱར་ཞིབ་ཁྲིམས་འཆར་གསར་པ་བཅས་ཀྱི་ནང་དུ་གསལ་བ་ལྟར།  བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སྲུང་སྐྱོབ་བྱེད་དགོས། ཞེས་འཁོད་འདུག 

ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༣ དང་ཕྱི་ཟླ་ ༩ ཚེས་ ༢༤ སོ་སོར་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚན་པའི་ཚོགས་གཙོ་སྦྲེལ་པོས་ཨ་རིའི་གྲོས་ཚོགས་ནང་དུ་བོད་དོན་རྒྱབ་སྐྱོར་གྱི་བསྐྱར་ཞིབ་ཁྲིམས་འཆར་བཏོན་པ་དང་། ཁྲིམས་འཆར་དེ་ནི་དེ་སྔ་ཕྱི་ལོ་ ༢༠༠༢ ལོར་ཨ་རིའི་གྲོས་ཚོགས་གོང་འོག་ནང་དུ་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ཞེས་པ་ཁྲིམས་ལུགས་གཏན་འབེབས་གནང་རྗེས་བོད་དོན་རྒྱབ་སྐྱོར་ཚད་མཐོ་ཤོས་ཀྱི་ཁྲིམས་འཆར་ཞིག་ཆགས་ཡོད་པ་བཅས། །

Share with your friends










Submit