ཟླ་བ་ ༥ ཚེས ༢༡ ༢༠༢༠

ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༡ རེས་གཟའ་ཕུར་བུ།

༄༅།། མཚུངས་མེད་བྱེས་འཁོད་རིས་མེད་བོད་ཀྱི་དགོན་སྡེ་ཁག་གི་འདུས་སྤྱི་ཐུན་མོང་ལ།

                                                                          ཆེད་ཞུ།   བོད་ལུགས་བསྟན་རྩིས་གཞིར་བཟུང་བདག་ཅག་གི་སྟོན་པ་མཉམ་མེད་ཤཀྱཱའི་རྒྱལ་པོ་སྐུ་བལྟམས་པ་དང་། རབ་ཏུ་བྱུང་བ། མངོན་པར་རྫོགས་པར་སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་ཀྱི་མཛད་ཆེན་རྣམས་བོད་ཟླ་བཞི་པ་ས་ག་ཟླ་བའི་ཡར་ངོར་འཁེལ་བ་མ་ཟད། ས་ཟླའི་ཚེས་ ༡༥ ཉིན་དུས་ཆེན་གསུམ་འཛོམས་དང་དགེ་བའི་འགྱུར་ཁྱད་འབུམ་ཡོད་པར་གསུངས་པ་ལས་འབུམ་འགྱུར་ཟླ་བ་ཞེས་སེར་སྐྱ་ཚང་མ་རྣམ་དཀར་དགེ་བའི་ལས་ལ་གཅིག་ཏུ་བརྩོན་པའི་དུས་ཚེས་ཁྱད་པར་ཅན་ཞིག་ཡིན་པ་ཚང་མས་མཁྱེན་གསལ་ལྟར་དང་། ཟླ་བ་དེའི་ཡར་ངོ་སྟེ་ཚེས་ ༡ ནས་ ༡༥ བར་དགོན་སྡེ་ཕལ་མོ་ཆེར་རྩ་གསུམ་སྒྲུབ་མཆོད་དང་། རྒྱ་ཆེའི་མཆོད་ཚོགས་བསྟར་འབུལ། ༸རྒྱལ་བའི་བཀའ་འགྱུར་གསུང་སྒྲོག ཐེག་ཆེན་གསོ་སྦྱོང་། མ་ཎི་དུང་སྒྲུབ་སོགས་སྨིན་སྒྲུབ་གནང་དང་གནང་མུས་ངང་ཡོད་པ་དང་། དེ་དག་ལ་བརྟེན་ནས་བོད་མིའི་སྤྱི་མཐུན་བསོད་ནམས་དང་བསྟན་སྲིད་རྩ་དོན་ཐོག་ལ་ཕན་འབྲས་ཆེ་ངེས་བྱུང་ཡོད་པའང་ཞུ་མ་དགོས། 

ད་ལོའི་ས་ག་ཟླ་བ་འཆར་ལ་ཉེ་བ་དང་། ད་ལོའི་དུས་སྟབས་ཀྱང་༸རྒྱལ་བའི་དགུང་ཀེག་ཕྱི་ཟུར་སྟེང་ཁེལ་བ་དང་། འཛམ་གླིང་ཡོངས་རྫོགས་ནད་ཡམས་ཀྱི་གནས་སྟངས་ཛ་དྲག་འོག་གནས་པ། དེའི་རྐྱེན་གྱིས་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་སོགས་ཐོག་འགྱུར་ལྡོག་ཅི་ཆེ་ཡོང་གཞི་ཡོད་པ། དུས་བབ་དེ་ལས་རང་རེའི་བསྟན་སྲིད་རྩ་དོན་ལའང་འགྱུར་བ་ཡོང་མི་སྲིད་པ་མིན་པ་བཅས་ལ་བརྟེན། ད་ལོའི་ས་ཟླའི་ཚེས་ ༡ ནས་ ༡༥ བར་དགོན་སྡེ་སོ་སོའི་རྒྱུན་འཕར་སྒྲུབ་མཆོད་སོགས་ཆོས་ཕྱོགས་ཀྱི་གནང་སྒོ་ཇི་མཆིས་རྒྱལ་ཡོངས་ཐེམ་སྤང་བཀའ་རྒྱའི་གནས་སྟངས་ལ་གཞིགས་པའི་ཕྱག་བཞེས་མཛད་སྐབས། ༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དང་། རིས་མེད་བསྟན་བདག་བླ་ཆེན་རྣམ་པ་སྐུ་ཚེ་མི་ཤིགས་རྡོ་རྗེའི་ཁམས་སུ་བརྟན་པ་དང་། བོད་མིའི་བསྟན་སྲིད་རྩ་དོན་གྱི་བདེན་མཐའ་མགྱོགས་ནས་མྱུར་དུ་གསལ་བ། ལྷག་པར་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་དང་བོད་ཀྱི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་གཉིས་ཀྱིས་སྙིགས་དུས་ཀྱི་སེམས་ཅན་དམུ་རྒོད་དང་ཉམ་ཐག་པ་རྣམས་སྐྱོབ་པའི་ཐུགས་བསྐྱེད་དམ་བཅའ་མཛད་པའི་བདེན་སྟོབས་ལ་བརྟེན་ནས། ད་ལྟ་འཛམ་གླིང་ཡུལ་གྲུ་ཕལ་མོ་ཆེར་ཁྱབ་བཞིན་པའི་ཏོག་དབྱིབས་གཉན་རིམས་ཞེས་པའི་དུས་ནད་འདི་ཉིད་བར་སྣང་ནས་འཇའ་ཡལ་བ་བཞིན་མྱུར་དུ་རྨེག་མེད་དུ་ཞི་སྟེ། འགྲོ་རྣམས་ཆོས་འབྱོར་བདེ་སྐྱིད་ཀྱི་འཚོ་བས་དུས་རྟག་ཏུ་རོལ་བའི་གསོལ་འདེབས་དང་སྨོན་ལམ་མཚམས་སྦྱོར་ཟབ་སྨིན་རེ་ངེས་པར་མཛད་སྐྱོང་ཡོང་བ་ཞུ་རྒྱུ་དང་། དེའི་མཆོད་བསྙེན་འབྲེལ་མཚོན་སྣེ་སེལ་རེ་འདི་ག་ནས་འབྲེལ་ཡོད་ས་གནས་ལས་ཁུངས་བརྒྱུད་འབུལ་སྦྱོར་ཞུ་རྒྱུ་ཡིན་ལགས་པ་བཅས། དེ་ལུགས་དགོངས་དབྱིངས་ཟབ་མོར་མངའ་བ་མཁྱེན་ཞུར། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༡ ལ་

                                          ཕུལ།།

 

ངོ་བཤུས། འབྲེལ་ཡོད་ས་གནས་འགོ་འཛིན་ལས་ཁུངས་རྣམས་ལ།