ཟླ་བ་ ༥ ཚེས ༢༢ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༢ རེས་གཟའ་པ་སངས།

༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཁྱབ་ཁོངས་སྦིར་བོད་ཚོགས་ས་གནས་འགོ་འཛིན་ལས་ཁུངས་ནས་ཏོག་དབྱིབས་གཉན་རིམས་ ༡༩  སྔོན་འགོག་ལས་དོན་ཇི་ཞུས་གནས་བསྡུས། 

སྦིར་ས་གནས་སུ་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་ཞིག་ཆེད་འཇུག་གནང་བའི་ཐོག་བདུན་རེའི་ནང་ཐེངས་རེ་ཚང་འཛོམས་ཀྱིས་ལས་དོན་ཇི་དགེ་གྲོས་བསྡུར་གནང་བཞིན་ཡོད་པ་དང༌། ཡང་སྒོས་རྒྱ་གར་དབུས་སའི་གཞུང་དང་མངའ་གཞུང༌། བོད་མིའི་སྒྲིག་འཛུགས་དཔལ་ལྡན་བཀའ་ཤག་ནས་དུས་ནས་དུས་སུ་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་སྔོན་འགོག་ལམ་སྟོན་དང་། བཀའ་སློབ་ཇི་ཕེབས་སྐབས་འཕྲལ་ས་གནས་གཞིས་སྒར་མང་ཚོགས་ལ་གོ་རྟོགས་སློབ་གསོ་གནང་མུས་དང༌། ཚོགས་ཆུང་གི་ཚོགས་མི་རྣམས་ནས་གཞིས་མི་ཉམ་ཐག་ཨང་ཐོབ་ཅན་ཡིན་མིན་ལ་མ་ལྟོས་པར་ནང་མི་གྲངས་དགུ་ཙམ་ལ་དགོས་མཁོའི་སྐམ་ཟས་རིགས་བགོ་འགྲེམས་ཐེངས་གསུམ་ཙམ་བྱས་ཐུབ་ཡོད། 

དེ་ཡང་བདུན་རེའི་ནང་ཐེངས་རེ་དྭང་བླངས་སྨན་ཞབས་པ་ངག་དབང་ལྷ་སྐྱིད་ལགས་ཀྱིས་གཞིས་སྒར་གྱི་མང་ཚོགས་ལ་ཚ་བ་དང་ནད་གཞི་ཡོད་མེད་བརྟག་དཔྱད་བྱེད་མུས་ཡིན། དམིགས་བསལ་དམར་མདོག་ཅན་གྱི་ས་ཁུལ་ནས་ཡོང་བའི་གཞིས་མི་རིགས་བྱུང་ཚེ་དེ་དག་འགོག་དབྱེ་ཟུར་འཇོག་བྱ་ཡུལ་ཁང་ཁུངས་གྲ་སྒྲིག་ཡོད་པ་དང༌། མ་འོངས་པར་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་དཀའ་ངལ་རིགས་འཕྲད་ཚེ་སྦིར་ཁུལ་གྱི་མངའ་གཞུང་སྨན་ཁང་གི་སྨན་པ་ Dr. Raj Kumar ལགས་དང་ཐུགས་འཕྲད་ཀྱིས་སྐབས་འཕྲལ་མཐུན་འགྱུར་གནང་རྒྱུའི་ཞལ་བཞེས་ཐོབ་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ཛ་དྲག་ཚོགས་ཆུང་དང་ནང་སྲིད་ལས་ཁུངས་བཅས་ནས་ནད་ཡམས་སྔོན་འགོག་གི་ལམ་སྟོན་བཀའ་སློབ་ཇི་ཕེབས་ཁག་ས་གནས་སུ་ལག་བསྟར་ཞུ་མུས་ཡིན་པ་བཅས། །

Share with your friends










Submit