ཟླ་བ་ ༥ ཚེས ༢༡ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༡ རེས་གཟའ་ཕུར་བུ།

༄༅། །༸རྒྱལ་བ་རིན་པོ་ཆེའི་དྲ་རྒྱའི་ནང་གནས་ཚུལ་སྤེལ་བ་ལྟར་ན།  ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༡ ཉིན་གྱི་ཞོགས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནུབ་བཾགཱ་ལའི་མངའ་སྡེའི་བློན་ཆེན་མམ་ཏཱ་བ་ནར་ཇཱི་དང་། ཨོ་ཌི་ཤཱའི་མངའ་སྡེའི་བློན་ཆེན་ན་ཝཱིན་པཋ་ནཱ་ཡཀ་གཉིས་ལ་གསུང་འཕྲིན་རེ་སྩལ་ཏེ། མངའ་སྡེ་དེ་གཉིས་ཀྱི་རྫོང་འགའ་ཞིག་ནང་ཆུ་རླུང་གི་འཇིགས་པས་སྐྱེ་འགྲོར་འཆི་སྐྱོན་དང་། སྡོད་ཁང་མང་པོར་གཏོར་བཤིག་ཐེབས་པ་མ་ཟད། མི་ཧ་ཅང་མང་པོ་ལ་དཀའ་སྡུག་ཆེན་པོ་འཕྲད་པ་ལ་ཐུགས་གསོ་མཛད་ཡོད།

གསུང་འཕྲིན་གཉིས་ཀྱི་ནང་། “རང་བྱུང་གི་འཇིགས་པ་འདི་མ་ཡོང་སྔོན་ནས་གྲ་སྒྲིག་འཐུས་ཚང་གནང་བ་དང་། གོད་ཆག་བྱུང་བ་རྣམས་ལ་སྐྱོབ་གསོའི་མཐུན་རྐྱེན་སྦྱོར་ཐབས་ལ་འབད་རྩོལ་གནང་བཞིན་པ་ལ་བསྔགས་བརྗོད་ཡོད།” ཅེས་དང་།

“ཨོ་ཌི་ཤཱ་དང་། ནུབ་བཾགཱ་ལའི་མི་མང་ལ་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་དུ་ཏཱ་ལའི་བླ་མའི་དགེ་རྩ་ནས་ངལ་སེལ་ཆེད་དུ་ཞལ་འདེབས་འབུལ་གྱི་ཡིན།” “ཆུ་རླུང་གི་འཇིགས་པས་གཉེན་ཉེ་དུ་འཆི་སྐྱོན་བྱུང་བའི་ཁྱིམ་ཚང་རྣམས་དང་། གཞན་ཡང་གོད་ཆག་བྱུང་བ་ཚང་མ་ལ་མྱ་ངན་ཐུགས་གསོ་ཡོད།”

མམ་ཏཱ་བ་ནར་ཇཱི་ལ། “བཙན་བྱོལ་བོད་པ་རྣམས་མི་ལོ་ ༦༡ ཙམ་གྱི་གནས་བཅའ་སའི་རྒྱ་གར་གྱི་ཡུལ་འདི་ནི་བོད་པས་གནའ་ནས་གནས་རྩ་ཆེན་དུ་བརྩི་ལ། ལྷག་པར་བཾགཱ་ལ་ནི་དུས་རབས་བརྒྱད་པའི་ནང་བོད་ཀྱི་དགོན་པ་དང་པོ་བསམ་ཡས་ཕྱག་འདེབས་པ་པོ་ཚད་མ་པ་དང་ལྟ་གྲུབ་སྨྲ་བ་མཁན་ཆེན་ཞི་བ་འཚོ་དང་། དུས་རབས་བཅུ་གཅིག་པའི་ནང་བོད་ལ་བསྟན་པ་སླར་གསོ་མཛད་མཁན་ཨ་ཏི་ཤ་དཱི་པཾ་ཀ་ར་གཉིས་ཀའི་འཁྲུངས་ཡུལ་ཡིན་པས། བོད་པའི་སེམས་ནང་བཾགཱ་ལར་དམིགས་བསལ་གྱིས་བརྩི་བཀུར་ཆེན་པོ་ཡོད།” ཅེས་ཆེད་དུ་བཀའ་སྩལ་ཡོད།

Share with your friends










Submit