ཟླ་བ་ ༥ ཚེས ༢༥ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༥ རེས་གཟའ་ཟླ་བ།

༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༢༦ ཉིན་ས་གནས་སུ་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ཚོགས་ཆུང་ཆེད་འཛུགས་ཀྱིས་བདུན་རེའི་ནང་ཚོགས་མི་རྣམས་ལྷན་འཛོམས་ཐོག་སྔོན་འགོག་ལས་གཞི་གནང་ཕྱོགས་སྐོར་བཀའ་བསྡུར་གནང་མུས་དང་། འདི་གའི་ཁྱབ་ཁོངས་ས་གནས་གསུམ་གྱི་གཞིས་མི་རྣམས་ལ་ཁ་རས་བགོ་འགྲེམས་ཞུས་ཐུབ་པ་བྱུང་ཡོད། བལ་ཡུལ་གངས་ཅན་བདེ་རྩ་ནས་ཕྱི་ཟླ་ ༥ ཚེས་ ༥ ཉིན་འབུ་སྲིན་རིགས་རྩ་མེད་གཏོང་རྒྱུའི་ཆེད་དུག་སེལ་སྨན་ཆུ་དང་ཉེན་སྲུང་ཡོ་ཆས་བཅས་གནང་ཡོད།

གཞིས་སྒར་ནང་གི་སེར་སྐྱ་ཕོ་མོ་དབྱེར་མེད་དང་རྒན་གཞོན་བར་གསུམ་ཚང་མར་གཟུགས་པོའི་ཚ་གྲངས་བརྟག་དཔྱད་བདུན་གཅིག་ནང་ཐེངས་རེ་བྱེད་མུས་ལྟར། ད་བར་གཞིས་མི་སུ་གཅིག་ཚ་གྲངས་ལས་བརྒལ་བ་དང་ཏོག་དབྱིབས་ནད་དུག་གི་ནད་རྟགས་ཐོན་པ་གཅིག་ཀྱང་བྱུང་མེད། གཞིས་སྒར་དུ་གནས་སྐབས་རིང་ཉལ་ཁྲི་དགུ་ཅན་གྱི་འགོག་དབྱེ་ཟུར་འཇོག་ཁང་གོ་སྒྲིག་ཞུས་ཡོོད་པ་དང་། མ་འོངས་པར་དེ་ལས་མང་བ་དགོས་མཁོ་མཆིས་ཚེ་གཞིས་སྒར་ཚོགས་ཁང་དེའང་འགོག་དབྱེ་ཟུར་འཇོག་ཁང་དུ་གྲ་སྒྲིག་ཞུ་འཆར་ཡོད།

གཞིས་མི་རྣམས་ཀྱི་འཕྲལ་སེལ་བཟའ་བཅའི་དཀའ་ངལ་སེལ་ཆེད་འདི་གའི་གཞིས་དགོན་དང་འབྲེལ་ཆགས་ཤངས་པ་བདེ་རྩ་ནས་བཟའ་འབྲུ་བགོ་འགྲེམས་གནང་ཡོད། གཞིས་སྒར་རང་གི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་ཐུན་མོང་ནས་ཀྱང་གཞིས་མི་རྣམས་ཀྱི་ད་ལྟའི་ཛ་དྲག་གནས་སྟངས་སྐབས་ཀྱི་བཟའ་བཅའི་དཀའ་ངལ་རྒྱ་མི་ཆུང་བ་ཞིག་སེལ་ཐབས་སླད་སླར་ཡང་བཟའ་བཅའ་འབྲས་དང་སྲན་མ། གྲོ་ཞིབ། དེ་བཞིན་སྣུམ། མར། ཚ་བཅས་བགོ་འགྲེམས་གནང་ཐུབ་པ་བྱུང་ཡོད།

འདི་ཁུལ་གྱི་ Ward ལས་ཁུངས་སུ་གདུང་སེམས་མཉམ་སྐྱེ་མཚོན་བྱེད་དུ་སྟོང་མིན་ཙམ་གྱི་ཞལ་འདེབས་བལ་སྒོར་ ༡༥‚༠༠༠ ཕུལ་ཡོད། ཕྱི་ཟླ་ ༥ ཚེས་ ༡༧ ཉིན་གཞིས་སྒར་ཉེ་འགྲམ་གྱི་ཡུལ་མི་དབུལ་ཕོངས་ཉམ་ཐག་རྣམས་ལ་ཁ་རས་གྲངས་ ༡༥༠ ལྷག་བགོ་འགྲེམས་ཐུབ་པ་བྱུང་ཡོད། འདི་གའི་ཁྱབ་ཁོངས་གློ་ཚེ་རོག་རྣམ་རྒྱལ་གླིང་དང་རྡོར་པ་ཊན་ནོར་འཛིན་གླིང་བཅས་ལ་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་ཉེན་སྲུང་ཡོ་ཆས་ཁག་གསར་ཉོ་དང་སྔོན་འགོག་ལས་དོན་སྤེལ་མུས་ཡིན་པ་བཅས། །