ཟླ་བ་ ༥ ཚེས ༢༢ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༢ རེས་གཟའ་པ་སངས།

༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཁྱབ་ཁོངས་སྡེ་ར་ལྡུན་ས་གནས་འགོ་འཛིན་ལས་ཁུངས་ནས་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཇི་ཞུས་གནས་བསྡུས། 

རྒྱ་གར་མངའ་སྡེའི་གཞུང་དང་བོད་མིའི་སྒྲིག་འཛུགས་ཀྱི་བཀོད་ཁྱབ་ཇི་ཕེབས་གཞིར་བཟུང་མང་ཚོགས་ལ་གསལ་བསྒྲགས་མ་གོ་མ་ཐོས་མེད་པ་ཞུས་ཡོད་པ་དང༌། དེ་བཞིན་སྡེ་ར་ལྡུན་ཏོག་དབྱིབས་གཉན་རིམས་ཛ་དྲག་ཚོགས་ཆུང་ཆེད་འཛུགས་ཡོད་ཐོག་བདུན་རེའི་རེས་གཟའ་མིག་དམར་དང་པ་སངས་གཉིས་ལ་ཚོགས་འདུ་འཚོགས་བཞིན་ཡོད། ཁྱབ་ཁོངས་ས་གནས་ཁག་སོ་སོའི་དགོན་པ་ཁག་ནས་ཡུལ་མི་ཉམ་ཐག་རྣམས་ལ་སྐམ་ཟས་རིགས་བགོ་འགྲེམས་ཞུས་དང་ཞུ་མུས་ཡིན། 

འཕྲོད་བསྟེན་སྨན་ཁང་དང་སྨན་ཞབས་པ་བཅས་ནས་དུད་ཚང་རེ་རེར་ཆེད་བཅར་གྱིས་བདུན་རེའི་ནང་ཐེངས་གཅིག་ཚ་བ་བརྟག་དཔྱད་བྱ་བཞིན་ཡོད། བོད་མི་ཉམ་ཐག་དཀའ་ངལ་ཅན་ཚོར་ལའང་ས་གནས་སོ་སོའི་སྤྱི་བརྒྱ་ལས་ཁུངས་དང་ཚོགས་པ་ནས་སྐམ་ཟས་མཐུན་འགྱུར་སྦྱར་མུས་ཡིན། དེ་བཞིན་བོད་པ་མིན་པའི་ཧི་མ་ལ་ཡའི་རི་རྒྱུད་ནས་ཡིན་པ་ས་གནས་སོ་སོར་ལོག་མ་ཐུབ་པའི་དཀའ་ངལ་འཕྲད་བཞིན་པ་ཚོར་འདི་ནས་རོགས་སྐྱོར་མཐུན་འགྱུར་ཞུས་ཡོད་པ་དང༌། ཏོག་དབྱིབསགཉན་རིམས་རྐྱེན་པས་ཁང་གླ་སྤྲོད་རྒྱུ་དཀའ་སེལ་ཆེད་ས་གནས་འགོ་འཛིན་གྱི་འཛིན་སྐྱོང་འོག་ཡོད་པའི་ལས་ཤག་དང༌། ཟ་ཁང༌། ཚོང་ཁང་བཅས་ཀྱི་ཁང་གླ་ཕྱི་ཟླ་ ༤ དང་ ༥ བཅས་ཟླ་གྲངས་གཉིས་རིང་བརྒྱ་ཆ་ ༥༠ ཆག་ཡང་གནང་ཡོད།

རཇ་སྤུར་བུད་མེད་མཉམ་ལས་བཟོ་གྲྭའི་འགན་འཁྲིད་འོག་རཇ་སྤུར་ཁུལ་གནས་སྡོད་བོད་མི་དང་དགེ་འཕེལ་གླིང་མང་ཚོགས་བཅས་ལ་ཁ་རས་རིན་མེད་ཐོག་ཕུལ་ཐུབ་པ་བྱུང་ཡོད། གཞན་ཡང་བདེ་སྐྱིད་གླིང་སྤྱི་བརྒྱ་ལས་ཁུངས་དང་བདེ་སྐྱིད་གླིང་བཟོ་གྲྭ་གཉིས་ཟུང་སྦྲེལ་ཐོག་ཁ་རས་འཚེམ་བཞིན་ཡོད་པས་གང་མྱུར་བདེ་སྐྱིད་གླིང་མང་ཚོགས་ལ་བགོ་འགྲེམས་ཞུ་འཆར་ཡོད། ས་ཁག་སོ་སོའི་འགན་འཁུར་ཐོག་འགོག་དབྱེ་ཟུར་འཇོག་ཁང་གྲ་སྒྲིག་ཞུས་ཡོད་པ་བཅས། །