ཟླ་བ་ ༥ ཚེས ༢༡ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

 ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༡ རེས་གཟའ་ཕུར་བུ།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཐེམས་སྤང་བཀའ་རྒྱའི་དུས་སྐབས་སུ་བལ་ཡུལ་ནང་ཡོད་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནས་སློབ་ཁྲིད་གནང་ཕྱོགས་ཀྱི་གནས་སྟངས་རྒྱུས་ལོན་གནང་ཡོད།

དེ་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༡ ཉིན་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་དང་ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་ལགས་རྣམ་གཉིས་ཀྱིས་གཙོས་འབྲེལ་ཡོད་ཚན་པ་ཁག་གི་འགན་འཛིན་རྣམས་དབུ་བཞུགས་ཐོག་བལ་ཡུལ་ཁུལ་གྱི་བོད་པའི་སློབ་གྲྭ་ཁག་དགུའི་སློབ་སྤྱི་དང་དགེ་ཆེ། གཞན་ཡང་འགན་འཛིན་རྣམས་དང་ལྷན་དེང་སྐབས་ཐེམ་སྤང་བཀའ་རྒྱའི་འོག་སློབ་གྲྭ་རྣམས་སྒོ་བརྒྱབ་ཡོད་སྟབས། སློབ་ཕྲུག་ཚོར་སློབ་ཁྲིད་ཐབས་ལམ་གང་འདྲ་གནང་བཞིན་པའི་གནས་སྟངས་སྐོར་དྲྭ་ལམ་བརྒྱུད་ནས་ཚོགས་འདུ་ཞིག་བསྐོང་ཚོགས་གནང་སོང་།

ཚོགས་འདུའི་ཐོག་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ལ་བརྟེན་ནས་བལ་ཡུལ་ནང་དུ་ཐེམ་སྤང་བཀའ་རྒྱ་བསྡམས་ཏེ་ཟླ་གྲངས་གསུམ་ལྷག་ཕྱིན་ཡོད་པ་དང་། དུས་ཡུན་དེའི་རིང་སློབ་གྲྭ་ཁག་སྒོ་བརྒྱབ་ཡོད་སྟབས། སློབ་ཕྲུག་ཚོའི་ཤེས་ཡོན་ལ་འཐུས་ཤོར་མི་འགྲོ་བའི་ཆེད་དུ་སློབ་ཁྲིད་ཐབས་ལམ་ཇི་དགའི་ཐོག་གོ་བསྡུར་སྦྱངས་ཤེས་གནང་སོང་། སློབ་གྲྭ་སོ་སོའི་སྐུ་ཚབ་སློབ་སྤྱི་དང་དགེ་ཆེ་རྣམས་ཀྱིས་ས་གནས་ཀྱི་གནས་སྟངས་ལ་གཞིགས་པའི་སློབ་ཁྲིད་གང་འདྲ་གནང་བཞིན་ཡོད་པ་དང་། དེ་བཞིན་བལ་ཡུལ་ནང་དྲྭ་རྒྱ་མཐུན་རྐྱེན་ཞན་པས་དྲྭ་ལམ་བརྒྱུད་སློབ་ཁྲིད་གནང་རྒྱུར་དཀའ་ངལ་འཕྲད་བཞིན་པ་སོགས་ཀྱི་གནས་སྟངས་ངོ་སྤྲོད་གནང་སོང་བ་བཅས། །

Share with your friends










Submit