ཟླ་བ་ ༥ ཚེས ༢༠ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༠ རེས་གཟའ་ལྷག་པ།

༄༅། །རྒྱལ་སྤྱིའི་གསར་འགྱུར་ཚན་པ་གྲགས་ཅན་ Associated Press ཞེས་པས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༩ རེས་གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཀྲའོ་ལི་ཅང་ Zhao Lijian ཟེར་བས། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཆུང་བྱིས་པའི་སྐབས་རྒྱུན་ལྡན་བྱིས་པ་སྤྱི་མཚུངས་ལྟར་གཞུང་གི་རིན་མེད་ཤེས་ཡོན་གྱི་གོ་སྐབས་ཆ་ཚང་ཐོབ་ཡོད་པ་དང་། དེ་རྗེས་མཐོ་སློབ་ལེགས་པར་ཐོན་ནས་ད་ཆ་ཕུགས་བརྟན་འཕེར་བའི་ལས་ཀ་ཐོབ་ཅིང་།  ཁོང་དང་ཁོང་གི་ནང་མི་རྣམས་ཀྱིས་ཕྱིའི་སུན་གཙེར་མེད་པར་ཞི་བདེ་བག་ཕེབས་ངང་མི་ཚེ་སྐྱེལ་འདོད་བྱེད་བཞིན་ཡོད་ཚུལ་རྒྱ་ནག་གཞུང་གིས་དེ་སྔ་བཤད་པའི་སྐད་ཆ་དེ་རང་བསྐྱར་ལྡབ་བྱས་པ་མ་གཏོགས་རྒྱས་བཤད་གང་ཡང་བྱས་མེད། དེར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་ནག་གཞུང་གིས་བཤད་པའི་སྐད་ཆ་དེར་ཡིད་ཆེས་བྱ་རུང་བ་ཞིག་རྩ་བ་ནས་མིན་སྐོར་ལན་འདེབས་གནང་འདུག 

དེ་ཡང་དཔལ་ལྡན་སྲིད་སྐྱོང་གིས།  རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྩ་ཆེ་ཤོས་གྲས་ཤིག་ད་བར་ལོ་ངོ་ ༢༥ ཧྲིལ་པོར་བཙན་དབང་འོག་དམ་བསྒྲགས་བཀག་བསྐྱིལ་བྱས་ནས་རང་དབང་དང་བྲལ་ཞིང་།  ནང་པའི་གཞུང་ལུགས་ལ་ཐོས་བསམ་སློབ་གཉེར་གྱི་གོ་སྐབས་ཀྱང་རྩ་བ་ནས་ཕུལ་མེད།   འོན་ཀྱང་ད་བར་རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་སྐུ་གཟུགས་གསལ་ཐང་ངང་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད་ཚུལ་ཁུངས་མེད་ཀྱི་འཁྱོག་བཤད་སྣ་ཚོགས་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་མགོ་སྐོར་བསླུ་བྲིད་བྱེད་ཐབས་བྱས་དང་བྱེད་མུས་ཡིན། 

གལ་ཏེ་རྒྱ་ནག་གཞུང་གིས་བཤད་པ་ལྟར་ཀུན་གཟིགས་པཎ་ཆེན་རི་པོ་ཆེ་མཆོག་སྐུ་འཚོ་བཞུགས་ཡིན་པ་དང་།  མི་སེར་དཀྱུས་མའི་འཚོ་བ་སྐྱེལ་བཞིན་ཡོད་ན་ང་ཚོར་ཁོང་གི་ཞལ་རས་མཇལ་བཅུག་དང་།  འཛམ་གླིང་མི་མང་གིས་ཁོང་ལ་མཇལ་འདོད་ཡོད།  ཁོང་གི་དད་ལྡན་རྗེས་འབྲང་པ་ཚོས་ཁོང་གི་ཞལ་མཇལ་རྒྱུ་དང་གསུང་ཐོས་རྒྱུ་བྱུང་ན་བསམ་ནས་ཡོད།   བོད་མི་ས་ཡ་དྲུག་གིས་ཀྱང་ཁོང་གི་ཞལ་མཇལ་དང་གསུང་ཐོས་འདོད་བྱེད་བཞིན་ཡོད། 

རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མུ་མཐུད་གསང་བའི་ཐོག་བཀག་བསྐྱིལ་བྱ་རྒྱུ་མཚམས་འཇོག་བྱས་ནས་ཁོང་དང་ཁོང་གི་ནང་མི་རྣམས་ལ་རང་དབང་སྤྲོད་དགོས།  མི་ཚེ་ཧྲིལ་པོ་ ༣༡ རིང་རང་དབང་དང་བྲལ་ཞིང་།  མི་ཚེའི་མདུན་ལམ་ཐག་གཅོད་གནང་རྒྱུའི་ཐོབ་ཐང་འཕྲོག་པ་དེ་ནི་བཟང་སྤྱོད་དང་ཡོངས་སུ་འགལ་བ་ཞིག་རེད། ཅེས་སྐྱོན་བརྗོད་ཤུགས་ཆེ་གནང་འདུག །

Share with your friends










Submit