ཟླ་བ་ ༥ ཚེས ༣ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༣ རེས་གཟའ་ཉི་མ།

༄༅། །འདི་གར་སྦེལ་ཀོབ་ལུགས་བསམ་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྦེལ་ཀོབ་སེར་སྨད་གྲྭ་ཚང་སྤོ་འབོར་ཁང་ཚན་གྱི་སྤྲུལ་སྐུ་སྐྱབས་རྗེ་ཧ་ཤེན་རིན་པོ་ཆེ་མཆོག་དང་། སེར་སྨད་ཚ་བ་ཁང་ཚན་གྱི་སྤྲུལ་སྐུ་སྐྱབས་རྗེ་འོད་ཟེར་རིན་པོ་ཆེ་མཆོག་རྣམ་གཉིས་ནས་ཛ་དྲག་དུས་སྐབས་འདིར་ལུགས་བདེ་མི་མང་གཉིས་ཀྱི་བདེ་སྡུག་ལ་དགོངས་པ་ཆེ་བཞེས་ཀྱིས་འཚོ་བྱེད་ཁང་གསར་སྨན་ཁང་ལ་ཧིན་སྒོར་བཞི་འབུམ་ཙམ་གྱི་ཏོག་དབྱིབས་གཉན་རིམས་འགོག་ཆས་སོགས་སྨན་ཁང་ཡོ་ཆས་མཁོ་སྤྲོད་གནང་ཡོད།

དེ་ཡང་ཐེ་ཝན་གནས་བཞུགས་སྦེལ་ཀོབ་སེར་སྨད་གྲྭ་ཚང་སྤོ་འབོར་ཁང་ཚན་གྱི་སྤྲུལ་སྐུ་སྐྱབས་རྗེ་ཧ་ཤེན་རིན་པོ་ཆེ་མཆོག་དང་། སེར་སྨད་གྲྭ་ཚང་ཚ་བ་ཁང་ཚན་དུ་གནས་བཞུགས་སྐྱབས་རྗེ་འོད་ཟེར་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་སྤྱིར་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ལ་བརྟེན་ནས་འཛམ་གླིང་ས་ཕྱོགས་གང་སར་མི་ཤི་སྐྱོན་ཆག་སོགས་ཀྱི་དཀའ་ངལ་དུ་མ་བྱུང་དང་འབྱུང་བཞིན་པར་ཐུགས་ཀྱིས་མ་བཟོད་པས་དཀའ་ངལ་མྱུར་སེལ་ཐུགས་སྨོན་མཚམས་སྦྱོར་གནང་བཞིན་པ་དང་། ཡང་སྒོས་དཔལ་ལྡན་བཀའ་ཤག་གི་བཀའ་འབྲེལ་ལྟར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་ཁྱབ་ཁོངས་སྨན་ཁང་ཁག་ནས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་གིས་བོད་མིའི་འདུ་སྡོད་གཞིས་ཆགས་སམ་ས་གནས་ཁག་ཏུ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་མི་ཡོང་བའི་འབད་བརྩོན་ཤུགས་ཆེ་གནང་བཞིན་པར་ཡི་རངས་བསྔགས་བརྗོད་དང་འབྲེལ། ས་བབ་འབྲེལ་ཐོགས་སྦེལ་ཀོབ་གཞིས་ཆགས་གཉིས་ཀྱི་མི་མང་རྣམས་ལ་ཐུགས་རྗེ་ཆེ་གཟིགས་ཀྱིས་སེར་སྨད་འཕྲོད་བསྟེན་ཚོགས་ཆུང་བརྒྱུད་འཚོ་བྱེད་སྨན་ཁང་ལ་འཕྲོད་བསྟེན་ཡོ་ཆས་དང་འགོག་སྲུང་གོན་ཆས་སོགས་ཁྱོན་ཧིན་སྒོར་བཞི་འབུམ་ཙམ་གྱི་ཡོ་ཆས་རོགས་རམ་གནང་འདུག 

དེ་ཡང་འོད་ཟེར་རིན་པོ་ཆེ་མཆོག་གིས་ཧིན་སྒོར་ཆིག་འབུམ་དང་། ཧ་ཤེན་རིན་པོ་ཆེ་མཆོག་གིས་ཧིན་སྒོར་གསུམ་འབུམ་གསོལ་བསྩལ་བྱུང་ངོར་སེར་སྨད་འཕྲོད་བསྟེན་ཚོགས་ཆུང་གིས་ཡོ་ཆས་རྣམས་དགོས་མཁོ་གཞིར་བཟུང་མཁོ་སྒྲུབ་གནང་སྟེ་ས་གནས་འཕྲོད་བསྟེན་ཚོགས་ཆུང་གི་ཚོགས་གཙོ་ལུགས་བསམ་ས་གནས་འགོ་འཛིན་བརྒྱུད་འཚོ་བྱེད་སྨན་ཁང་ལ་ཐད་འབུལ་ཞུས་འདུག དེར་མ་ཟད་སེར་སྨད་འཕྲོད་བསྟེན་ཚོགས་ཆུང་ནས་ཚོགས་གཙོའི་རེ་འདུན་ལྟར་ཁ་ཉིན་ལུགས་བདེའི་གཞིས་ལས་ཁང་དང་། བོད་ཁྱིམ་སློབ་གྲྭ།  ཁྱབ་ཁོངས་གྲོང་སྡེ་དང་དགོན་སྡེ་ཁག་བཅས་ལ་འབུ་སྨན་ Bleaching powder ཡང་མཁོ་སྤྲོད་ཞུས་འདུག་པ་བཅས། །

 

Share with your friends










Submit