ཟླ་བ་ ༥ ཚེས ༢༦ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༦ རེས་གཟའ་མིག་དམར།  

༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། འདི་ལོ་ཕྱི་ཟླ་ ༢ བའི་ཟླ་མཇུག་ནས་བཟུང་རྒྱ་གར་མངའ་གཞུང་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་ཕེབས་ཁག་བཞིན་ས་གནས་གཞོན་སྐྱེས་དྭངས་བླང་རུ་ཁག་ཟུར་འཛུགས་ཀྱིས་ནད་ཡམས་སྔོན་འགོག་དང་འབྲེལ་བའི་ལས་དོན་ཁག་ད་བར་ཚགས་ཚུད་ངང་སྤེལ་མུས་ཡིན། ལས་དོན་བྱ་བདེའི་སླད་སྤྱི་མི་དང་བརྒྱ་དཔོན་རྣམས་ཀྱི་ (Whatsapp Group) ཡང་བཟོ་སྒྲུབ་བྱུང་ཡོད། ས་གནས་སུ་ཛ་དྲག་གནས་ཚུལ་རིགས་བྱུང་ཚེ་ས་གནས་མངའ་གཞུང་འབྲེལ་མཐུད་པ་རྣམ་པས་མཚན་དང་ཞལ་པར་ཨང་གྲངས་ལེན་གནང་བྱུང་ཡོད།

ས་གནས་གཞིས་མི་རྣམས་དོན་མེད་ཕར་འགྲོ་ཚུར་འོང་མི་ཆོག་པ་དང་དབུས་ནང་སྲིད་ལས་ཁུངས་ཀྱི་བཀའ་ཕེབས་གཞིར་བཟུང་ས་གནས་མང་ཚོགས་ལ་གསལ་བསྒྲགས་ཞུས་དང་ཞུ་མུས་ཡིན། ས་གནས་འཕྲོད་བསྟེན་སྨན་ཁང་གི་ནད་པ་འདྲེན་འཁོར་གྱི་ཁ་ལོ་བ་དང་སྨན་ཞབས་པའི་ཆེད་ཉེན་སྲུང་ཡོ་ཆས་རྣམས་མཁོ་སྒྲུབ་ཟིན་ཡོད་པ་དང་། ས་གནས་སུ་ཕྱི་ནས་ཡོང་མཁན་གཞིས་མི་རྣམས་ཀྱི་ཆེད་འགོག་དབྱེ་ཟུར་འཇོག་ (Quarantine Center) གྲ་སྒྲིག་འཐུས་ཚང་དང་། གཞན་ཡང་ས་གནས་གཞིས་མི་རྣམས་ལ་ཚ་བ་དང་ཆམ་ནད་སོགས་ཡོད་མེད་ས་གནས་ལས་དྲུང་དང་སྨན་ཞབས་པ་གཉིས་ནས་བརྟག་དཔྱད་གནང་མུས་ཡོད། ལྷག་དོན་དུ་འབྲེལ་ཡོད་རྫོང་དཔོན་ལས་ཁུངས་ནས་བཀའ་ཁྱབ་ནམ་ཕེབས་བཞིན་དུས་ཐོག་ལག་བསྟར་ཞུ་མུས་ཡིན།

རྒྱ་གར་ཡུལ་མི་གཅིག་མཚུངས་ལྟར་ཉིན་གྲངས་ ༢༨ རིང་འགོག་དབྱེ་ཟུར་འཇོག་ཞུས་པའི་བོད་མི་རྣམས་ལ་འདི་ནས་དུས་ནས་དུས་ནས་གཟུགས་བབ་གནས་སྟངས་ཇི་ཆགས་དང་མཐུན་འགྱུར་ཇི་དགོས་སྐོར་འདྲི་རྩད་གང་ཐུབ་ཞུ་མུས་དང་། འབྲེལ་ཡོད་རྫོང་དཔོན་ལས་ཁུངས་ལ་འབྲེལ་ལམ་དམ་ཟབ་ཞུ་བཞིན་ཡོད། ད་ལྟའི་ཆར་རྫོང་དཔོན་ལས་ཁུངས་ནས་རྒྱ་གར་ཡུལ་མི་གཅིག་མཚུངས་ལྟར་བོད་མི་ཡོངས་ལ་གཟིགས་རྟོགས་དང་མཐུན་འགྱུར་རོགས་རམ་གཅིག་མཚུངས་གནང་བཞིན་ཡོད། ས་གནས་མཉམ་འབྲེལ་གྱི་མཐུན་འགྱུར་འོག་གཞིས་མི་ཉམ་ཐག་གྲངས་ ༡༢ ལ་ཧིན་སྒོར་ ༦༠,༠༠༠ འབབ་ཀྱི་སྐམ་ཟས་བགོ་འགྲེམས་གནང་ཐུབ་བྱུང་ཡོད།

བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་བཟའ་བཅའ་མཐུན་འགྱུར་སྤྲོད་དམིགས་ཆེད་བཀའ་འཁྲོལ་བསྩལ་བའི་དངུལ་འབོར་དེ་བཞིན་རིང་མིན་བེད་གཏོང་བྱ་འཆར་ཡོད་བཅས། །