གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༥ རེས་གཟའ་མིག་དམར།

༅། །ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་འདོན་སྤེལ་གནང་བའི་གསར་གནས་ནང་འཁོད་དོན། མི་ལོ་བརྒྱད་ཙམ་རིང་རྒྱ་ནག་གི་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་ཕོག་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚེ་རིང་བག་གྲོ་ལགས་འདས་གྲོངས་སུ་ཕྱིན་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འབྲེལ་ཡོད་མི་སྣ་བརྒྱུད་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། དེ་སྔ་སྤྱི་ལོ་ ༡༩༩༢ བོད་ཀྱི་རྒྱལ་ས་ལྷ་སར་བོད་དོན་ཆེད་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱས་རྗེས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་གིས་མི་ལོ་བརྒྱད་རིང་དུས་བཀག་བཙོན་འཇུག་བྱས་ནས་སྡུག་སྦྱོང་མནར་གཅོད་ཕོག་མྱོང་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚེ་རིང་བག་གྲོ་ལགས་༢༠༢༠་ལོའི་ཟླ་༤་བའི་ཚེས་༢༦་ཉིན་རང་ལོ་༥༡་ཐོག་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཡུལ་ཚོའི་རང་ཁྱིམ་དུ་འདས་གྲོངས་སུ་ཕྱིན་འདུག
གནས་ཚུལ་ངོ་སྤྲོད་པས་གསུང་ན། ཚེ་རིང་བག་གྲོ་ལགས་ཀྱིས་དེ་སྔ་སྤྱི་ལོ་༡༩༩༢་ལོའི་ཟླ་༦་བའི་ཚེས་༡༠་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རོགས་པ་ཁག་གཅིག་དང་མཉམ་དུ། མ་གྲོས་སེམས་པ་གཅིག་མཐུན་གྱིས་བོད་དོན་ཆེད་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གནང་ཡོད་པ་དང་། སྐབས་དེར་ཁོང་ཚོའི་ལག་ཏུ་བོད་ཀྱི་རྒྱལ་དར་འཕྱར་བཞིན་བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕྱིར་ཕུད་བྱ་དགོས། བོད་ཀྱི་བདག་པོ་བོད་མི་ཡིན། རྒྱལ་བ་༧བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་སོགས་འབོད་ཚིག་བསྒྲགས་བཞིན་པའི་སྐབས་ས་གནས་རྒྱ་ནག་གཞུང་གི་སྤྱི་བདེ་མི་སྣས་གཅར་རྡུང་གཏོང་ཞོར་འཛིན་བཟུང་བྱས་ནས་ལྷ་སའི་དགུ་རྩ་བཙོན་ཁང་དུ་བཅུག་པ་དང་། རྗེས་སུ་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁོང་ལ་དུས་བཀག་བཙོན་འཇུག་ལོ་༨་ཀྱི་ཁྲིམས་ཐག་བཅད་པ་དང་། ཆབ་སྲིད་ཀྱི་དབང་ཆ་ལོ་གཉིས་འཕྲོག་ཏེ་སྤྱི་ལོ་༡༩༩༢་ལོའི་ཟླ་༡༡་པའི་ནང་བོད་རང་སྐྱོངས་ལྗོངས་བཙོན་ཁང་ཨང་དང་པོ་གྲྭ་བཞི་བཙོན་ཁང་དུ་ཆབ་སྲིད་བཙོན་པ་མི་དགུ་དང་མཉམ་དུ་གནས་སྤོས་བཙོན་འཇུག་བྱས། བཙོན་ཁང་དེར་དུས་ཡུན་མི་ལོ་བརྒྱད་མ་ཟིན་ཙམ་རིང་བོད་མི་ཆབ་སྲིད་བཙོན་པ་གཞན་དང་འདྲ་བར་ལུས་སེམས་གཉིས་ཀྱིས་མནར་གཅོད་ཚད་མེད་ཕོག་རྗེས་བཙོན་གྲོལ་བྱུང་ཡོད་པ་ངོ་སྤྲོད་གནང་བྱུང་།
གནས་ཚུལ་དེའི་ཐད་བོད་ཀྱི་ཆབ་སྲིད་བཙོན་ཟུར་མིང་བརྗོད་འདོད་མེད་པ་ཞིག་གིས་གསུང་ན། རྒྱ་ནག་གི་བཙོན་ཁང་ནང་ཉིན་རེའི་འཚོ་བ་ཧ་ཅང་སྐྱོ་བ་དང་། ལྷག་པར་དུ་འདྲི་རྩད་སྐབས་སྤྱི་བདེ་ཉེན་རྟོག་པས་ཚ་འདྲི་ནན་འདྲི་བྱས་ཐོག་ཉེས་རྡུང་ཚད་མེད་བཏང་བའི་གནས་ཚུལ་ནི་ང་ཚོར་བསམ་ཡུལ་ལས་འདས་བ་ཞིག་ཆགས་ཡོད། ད་ཐེངས་ཆབ་སྲིད་བཙོན་ཟུར་ཚེ་རིང་བག་གྲོ་ལགས་འདས་གྲོངས་སུ་ཕྱིན་པ་ཡང་སྐབས་དེའི་གཅར་རྡུང་མནར་གཅོད་དང་འབྲེལ་བ་ཏན་ཏན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཚེ་རིང་བག་གྲོ་ནི་དེ་སྔ་བོད་ལྗོངས་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་ངམ་ཡུལ་ཚོ་ནས་ཡིན་པ་དང་། འཛིན་བཟུང་མ་བྱས་གོང་དགའ་ལྡན་དགོན་པའི་གྲྭ་བ་ཡིན་འདུག་ལ། སྤྱི་ལོ་༢༠༠༠་ལོའི་ཟླ་༦་པའི་ནང་གློད་བཀྲོལ་བྱུང་རྗེས། ད་བར་སྤྱི་ཚོགས་ནང་བོད་མི་ཆབ་སྲིད་བཙོན་ཟུར་གཞན་དང་འདྲ་བར་ཉིན་རེའི་འགྲོ་འདུག་སྤྱོད་གསུམ་ལ་ཉེན་རྟོག་པ་དང་ས་གནས་ཀྱི་དོ་དམ་མི་སྣའི་ལྟ་རྟོགས་འོག་རང་དབང་མེད་པར་འཚོ་གནས་བྱེད་དགོས་བྱུང་ཡོད་འདུག

Share with your friends










Submit