ཟླ་བ་ ༥ ཚེས ༢༨ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༨ རེས་གཟའ་ཕུར་བུ། 

༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། འདི་གའི་གཞིས་མི་བླ་མ་བསོད་ནམས་ལགས་ཀྱིས་དཔལ་འབྱོར་མཐུན་འགྱུར་འོག་ས་གནས་འཕྲོད་བསྟེན་སྨན་ཁང་ནས་མཁོ་སྒྲུབ་ཀྱིས་ཁྱབ་ཁོངས་དགོན་སྡེ་ཁག་  ༤ དང་། གཞིས་གྲོང་ ༧ བཅས་ལ་ལག་སྲིན་སེལ་བྱེད་གྲངས་ ༣༨༠ འགྲེམས་སྤེལ་ཞུས་ཡོད་པ་དང་། དེ་བཞིན་ས་གནས་འཕྲོད་བསྟེན་སྨན་ཁང་དང་མཉམ་འབྲེལ་གཉིས་ཀྱི་མཐུན་འགྱུར་འོག་དགོན་སྡེ་ཁག་ ༤ དང་གཞིས་གྲོང་ ༧ བཅས་ཀྱི་མང་ཚོགས་ལ་ཁ་རས་གྲངས་ ༩༨༥ བགོ་འགྲེམས་ཞུས་ཡོད།

ས་གནས་རྫོང་དཔོན་བརྒྱུད་མངའ་གཞུང་བློན་ཆེན་མཆོག་གི་ངལ་སེལ་ཐེབས་རྩའི་མཚན་ཐོག་མང་ཚོགས་ནས་ཞལ་འདེབས་སྒོར་ ༣༠༠,༠༠༠ དང་མཉམ་འབྲེལ་ནས་སྒོར་ ༥༡,༠༠༠ བཅས་ཁྱོན་སྒོར་ ༣༥༡,༠༠༠ ཞལ་འདེབས་ཕུལ་ཐུབ་པ་བྱུང་ཡོད། ཞལ་འདེབས་ཕུལ་བའི་གནས་ཚུལ་དེ་བཞིན་ས་གནས་ཀྱི་གསར་ཤོག་ཁག་ནང་དྲིལ་བསྒྲགས་རྒྱ་ཆེ་བྱུང་ཡོད།   

ས་གནས་འགོ་འཛིན་དང་ས་གནས་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན། སྨན་པ་བཅས་ཏོག་དབྱིབས་གཉན་རིམས་ ༡༩ བརྟག་དཔྱད་དང་སྨན་བཅོས་མཐུན་རྐྱེན་སྐོར་རྒྱུས་ལོན་ཆེད་རྫོང་གི་ཏོག་དབྱིབས་གཉན་རིམས་ ༡༩ སྨན་ཁང་གི་འབྲེལ་ཡོད་ལས་བྱེད་དང་ཐུག་འཕྲད་ཀྱིས་སྨན་བཅོས་མཐུན་རྐྱེན་ཁག་ལ་ཐུགས་ཞིབ་ཞུས།    གཞིས་ཆགས་ནང་ཏོག་དབྱིབས་གཉན་རིམས་ ༡༩ སྔོན་འགོག་དང་འབྲེལ་བའི་དཀའ་སེལ་སླད་ས་གནས་གཞོན་ནུ་དང་བུད་མེད་ལྷན་ཚོགས་ཀྱིས་སྣེ་འཁྲིད་འོག་ཚོགས་མི་ ༤༥ ལས་གྲུབ་པའི་དྭང་བླངས་ལས་དོན་རུ་ཁག་གསར་འཛུགས་དང་། ས་གནས་བུད་མེད་ལྷན་ཚོགས་ནས་རྒན་གསོ་ཁང་གི་རྒན་འཁོགས་དང་གཞིས་མི་དཀའ་ངལ་ཅན་ཁག་གཅིག་ལ་སྐམ་ཟས་བགོ་འགྲེམས་ཞུས་ཡོད།

ས་གནས་སུ་ཝུ་ཧན་ཏོག་དབྱིབས་ཚོགས་ཆུང་ཡོད་མུས་ཐོག་གཞིས་གྲོང་བརྒྱ་དཔོན་སྣེ་འཁྲིད་འོག་གཞིས་གྲོང་སོ་སོའི་ནང་ལས་དོན་རུ་ཁག་གསར་འཛུགས་ཞུས།   འདི་ག་གཞིས་ཆགས་སུ་ཕྱིར་འཁོར་བའི་གཞིས་མི་རྣམས་ས་གནས་རྒྱ་གར་མངའ་གཞུང་སྨན་ཁང་དང་ས་གནས་འཕྲོད་བསྟེན་སྨན་ཁང་གཉིས་ནས་ནད་བརྟག་ཡོད་མེད་བརྟག་དཔྱད་གྲུབ་རྗེས་ཚོགས་བཀག་འགོག་དབྱེ་ཟུར་འཇོག་ཁང་ Institutional Quarantine ནང་ཉིན་གྲངས་ ༡༤ དང་། དེ་ནས་ཁང་ཁྱིམ་འགོག་དབྱེ་ཟུར་འཇོག་ Home Quarantine ཆེད་རང་ཁྱིམ་དུ་ཕྱིར་ལོག་ཞུ་བཞིན་ཡོད། 

དེ་བཞིན་ཚོགས་བཀག་འགོག་དབྱེ་ཟུར་འཇོག་ཁང་ནང་སྡོད་རྣམས་ལ་སྔ་དགོང་ཆད་མེད་ནད་བརྟག་ཡོད་མེད་བརྟག་དཔྱད་ལས་དོན་ཞུ་མུས་དང་། ཁོང་རྣམས་ལ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་མཐུན་འགྱུར་འོག་ཞལ་ལག་དུས་གསུམ་ནར་གཏོང་ཕུལ་དང་འབུལ་མུས་ཡིན། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༤ འཁོད་བཀོད་ཁྱབ་ཕེབས་དོན་ལྟར། ནད་ཡམས་རྐྱེན་པས་སྒོ་རྒྱ་བསྡམས་པའི་དུས་འདིར་བཟའ་བཅའི་མཐུན་འགྱུར་དགོས་རིགས་གཞིས་མི་གྲངས་ ༩ ལ་འགྲོ་གྲོན་སྒོར་ ༢༧,༠༣༠ འབབ་ཀྱི་སྐམ་ཟས་རིགས་རྩམ་པ་དང་། རྡལ། ཟ་སྣུམ། འོ་མ། མར། བྱེ་མ་ཀ་ར། གྲོ་ཞིབ་བཅས་བགོས་སྤྲོད་ཞུས་ཐུབ་པ་བྱུང་ཡོད། ས་གནས་འཕྲོད་བསྟེན་སྨན་ཁང་དུ་ད་ཡོད་སྨན་ཞབས་ཇི་ཡོད་ཐོག་དང་བླངས་སྨན་ཞབས་པ་ ༤ འཕར་མ་ཐོ་འགོད་ཀྱིས་གཞིས་གྲོང་ ༧ དང་དགོན་སྡེ་ཁག་ ༤ བཅས་སུ་བདུན་རེའི་ནང་ཐེངས་རེར་རྟག་བཅར་ཐོག་ཚ་བ་བརྟག་དཔྱད་བྱེད་མུས་ཡིན་པ་བཅས། །