ཟླ་བ་ ༥ ཚེས ༢༤ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༤ རེས་གཟའ་ཉི་མ།

༄༅། །ཏོག་དབྱིབས་གཉན་རིམས་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་གདལ་ཤུགས་ཆེ་བྱུང་རྐྱེན་རྒྱ་གར་ནང་ཕྱི་ཟླ་ ༣ ཚེས་ ༢༥ ཙམ་ནས་རྒྱལ་ཡོངས་ཐེམ་སྤང་བཀའ་རྒྱ་བསྡམས་པར་བརྟེན།  མི་མང་གི་འགྲོ་འོང་དང་འགྲུལ་བཞུད་ལ་དམ་བསྒྲགས་བྱུང་ནས་ད་བར་མུ་མཐུད་ལག་བསྟར་འགྲོ་མུས་སྐབས་འདིར།  བཀའ་ཤག་གི་ལམ་སྟོན་ལྟར།  བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་མཐུན་འགྱུར་འོག  རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་པྲ་དེ་ཤི་མངའ་སྡེ་ནས་ཡིན་པའི་བོད་རིགས་སློབ་ཕྲུག་ ༩༣ རང་གནས་སུ་བདེ་འབྱོར་ཐུབ་པ་བྱུང་འདུག  

ཁོང་རྣམས་རྒྱ་གར་གུ་ཇི་ར་ཏི་མངའ་སྡེའི་གྲོང་ཁྱེར་བྷ་རོ་ཌའི་ Maharaja Sayajirao University ཞེས་པའི་མཐོ་སློབ་འགྲིམ་བཞིན་ཡོད་འདུག  མཐོ་སློབ་ཀྱིས་ནད་ཡམས་ཁྱབ་གདལ་གྱི་ཉེན་གཡོལ་ཆེད་སློབ་ཕྲུག་དེ་དག་རང་གནས་སུ་ཕྱིར་ལོག་དགོས་པའི་བཀོད་ཁྱབ་བཏང་ཡོད། 

དེ་ཡང་སློབ་ཕྲུག་དེ་དག་ཕྱི་ཟླ་ ༥ ཚེས་ ༡༤ ནས་རང་གནས་སུ་ཕྱིར་ལོག་ཆེད་འགྲུལ་བཞུད་འགོ་བཙུགས་ནས་མཐར་ཕྱི་ཚེས་ ༡༨ ཉིན་སློབ་ཕྲུག་ཡོངས་རྫོགས་རང་ཁྱིམ་དུ་བདེ་འབྱོར་བྱུང་འདུག  སློབ་ཕྲུག་དེ་དག་གི་ཁོངས་ནས་ ༢༧ རྒྱ་གར་བྱང་ཤར་མེའོ་ཆོས་འཕེལ་གླིང་དང་། ཏི་ཛུ་དར་རྒྱས་གླིང་།  ཀྲུ་ཀྲིང་བཅས་ནས་ཡིན་འདུག

དེ་ཡང་བྷ་རོ་ཌ་མཐོ་སློབ་ཀྱི་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་མི་བདེ་ཆེན་ལགས་ཀྱིས། ད་ཐེངས་འགྲུལ་བཞུད་དེ་རྒྱུན་ལྡན་དང་མི་འདྲ་ཞིང་།  རྒྱུན་ལྡན་ཡིན་ན་ལམ་བར་དུ་ཟ་ཁང་དང་ཚོང་ཁང་སོགས་ལ་རླངས་འཁོར་བཀག་ནས་ངལ་གསོ་རྒྱག་པ་དང་།  བཟའ་འཐུང་རིགས་བྱས།  འོན་ཀྱང་ཐེངས་འདིར་དེ་འདྲ་གཏན་ནས་བྱེད་ས་མེད་སྟབས་བཟའ་འཐུང་ཡོངས་རྫོགས་རླངས་འཁོར་ནང་དུ་བྱས་ནས་ཉིན་བཞི་ཙམ་འགྲུལ་བཞུད་བྱེད་དགོས་པའི་དཀའ་ངལ་ཧ་ཅང་ཆེན་པོ་རེད་འདུག དེར་བརྟེན་ངས་ཐེངས་འདིར་བོད་མིའི་སྒྲིག་འཛུགས་དང་བྷ་རོ་ཌ་ས་གནས་གཞོན་ནུ་ཚོགས་པ་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།   

སློབ་ཕྲུག་དེ་དག་རང་གནས་སུ་འབྱོར་རྗེས་རང་འཚམས་ཀྱིས་རང་ཁྱིམ་དུ་ཕྱིར་ལོག་བྱེད་མ་ཆོག་པར་འགོག་དབྱེ་ཟུར་འཇོག་བྱས་བཅུག་ཡོད་འདུག  མེའོ་ནས་ཡིན་པའི་སློབ་ཕྲུག་རྣམས་སམ་བྷོ་ཊའི་སྔོན་འགྲོའི་སློབ་གྲྭའི་ནང་འགོག་དབྱེ་ཟུར་འཇོག་གིས་ཕྱི་ཚེས་ ༢༡ ཉིན་ནད་ཡམས་ནད་ཡམས་ཡོད་མེད་བརྟག་དཔྱད་བྱས་འདུག ཏི་ཛུ་ནས་ཡིན་པའི་སློབ་མ་རྣམས་ས་གནས་མཐོ་སློབ་ཅིག་ནང་འགོག་དབྱེ་ཟུར་འཇོག་བྱས་འདུག ཀྲུ་ཀྲིང་གི་སློབ་མ་རྣམས་ཀྱང་འགོག་དབྱེ་ཟུར་འཇོག་ཁང་དུ་ཟུར་འཇོག་བྱས་ནས་ནད་རྟགས་ཡོད་མེད་བརྟག་དཔྱད་གནང་འདུག་པ་བཅས།།

 

 

མེའོ་དང་ཏི་ཛུའི་སློབ་མ།

Share with your friends










Submit