ཟླ་བ་ ༥ ཚེས ༢༢ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༢ རེས་གཟའ་པ་སངས། 

 

༄༅། །རེས་གཟའ་པ་སངས་ནམ་ཡིན་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ངལ་སེལ་ཛ་དྲག་ཚོགས་ཆུང་གིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཝུ་ཧན་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ལས་དོན་ཇི་སྤེལ་སྙན་སྒྲོན་ཞུ་བཞིན་ཡོད་པ་ལྟར། དེ་རིང་སྟེ་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༢ ཉིན་བཀའ་ཤག་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ངལ་སེལ་ཛ་དྲག་ཚོགས་ཆུང་གིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་བདུན་ཕྲག་གཅིག་གི་ནང་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ལས་དོན་ཇི་སྤེལ་སྙན་སྒྲོན་ཞུས་ཡོད་པ་དང་།

སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། ནང་སྲིད་དྲུང་ཆེ་ཚེ་དབང་སྒྲོལ་མ་ལགས། དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་སོགས་མཉམ་ཞུགས་གནང་ཡོད། ཝུ་ཧན་ཏོག་དབྱིབས་གཉན་རིམས་ངལ་སེལ་ཛ་དྲག་ཚོགས་ཆུང་གི་ཚོགས་མི་རྣམས་ནས་བཙན་བྱོལ་བོད་མིའི་ཁྲོད་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་སེམས་ཁམས་ཀྱི་དཀའ་ངལ་ཡོད་མཁན་རྣམས་ལ་སེམས་གསོ་དང་། ལུས་ཀྱི་ཚ་གྲངས་འཕར་ཡོད་མེད་བརྟག་དཔྱད། དགོས་ངེས་ཅན་རིགས་ལ་བཞུགས་སྒར་རྡ་ས་བོད་ཀྱི་སྨན་རྩིས་ཁང་ནས་བཟོས་པའི་རིན་ཆེན་རིལ་བུ་སྨན་སྦྱིན། འགོག་དབྱེ་ཟུར་འཇོག་ཁང་མཐུན་རྐྱེན་བསྐྲུན་པ་སོགས་ལས་དོན་རྣམས་ཚགས་ཚུད་དང་འཐུས་ཤོར་མེད་པར་སྤེལ་ཡོད་པ་མ་ཟད། ད་བར་རྒྱ་བལ་འབྲུག་གསུམ་ནང་བཙན་བྱོལ་བོད་མི་སུ་ཞིག་ལའང་ཏོག་དབྱིབས་གཉན་རིམས་ཀྱི་ནད་ཕོག་མཁན་བྱུང་མེད་པའི་སྐོར་སྙན་སྒྲོན་གནང་།

སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ཝུ་ཧན་ཏོག་དབྱིབས་གཉན་རིམས་ངལ་སེལ་ཛ་དྲག་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱིས་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ལས་དོན་རྣམས་ཚགས་ཚུད་ངང་སྤེལ་དང་སྤེལ་བཞིན་པར་རྗེས་སུ་ཡི་རང་དང་། ད་དུང་ཡང་མུ་མཐུད་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་རྣམས་འཐུས་སྒོ་ཚང་བའི་ངང་སྤེལ་དགོས་པའི་ལམ་སྟོན་དང་། རང་བཙན་ཡོད་པའི་རྒྱལ་ཁབ་ཁག་ལས་ལྷག་བོད་མིའི་སྒྲིག་འཛུགས་ནས་འགོག་དབྱེ་ཟུར་འཇོག་ཁང་གི་མཐུན་རྐྱེན་བསྐྲུན་ཡོད། ཅེས་སོགས་གསུངས།།

Share with your friends










Submit