གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༡ རེས་གཟའ་ཕུར་བུ། 

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཏོག་དབྱིབས་གཉན་རིམས་ངལ་སེལ་དང་འབྲེལ་བའི་དམིགས་བསལ་དྲ་ཚིགས་བོད་ཨིན་བཅས་སྐད་ཡིག་གཉིས་ཐོག་ཡོད་པ་དེ་ཉིད་དབུ་འབྱེད་གནང་སོང་། 

དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥ ཙམ་ལ་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་། འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག   དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་སྐལ་བཟང་རྡོ་རྗེ་ལགས་སོགས་ལྷན་འཛོམས་ཀྱིས་ཐོག་མར་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཏོག་དབྱིབས་གཉན་རིམས་སྔོན་འགོག་དྲ་ཚིགས་དབུ་འབྱེད་གནང་དགོས་པའི་དམིགས་ཡུལ་སྐོར་ངོ་སྤྲོད་གསུང་བཤད་གནང་རྗེས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་དོན།  ད་ལྟའི་ཆར་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཕོག་མཁན་མི་གྲངས་འབུམ་གཅིག་ལྷག་བྱུང་ཡོད་པ་དང་། རྒྱལ་ཁབ་གཞན་དང་བསྡུར་ན་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཕོག་མཁན་དང་འདས་གྲོངས་ཕྱིན་པ་ཉུང་ཉུང་རེད། ད་བར་བོད་མིའི་སྒྲིག་འཛུགས་ནས་བཙན་བྱོལ་བོད་མི་ཚོར་རྒྱ་གར་དབུས་གཞུང་དང་། མངའ་སྡེ་གཞུང་། རྫོང་བཅས་ཀྱི་བཀའ་རྒྱ་ལ་བརྩི་དགོས་རེད་ཅེས་ཞུས་དང་ཞུ་བཞིན་ཡོད། ཅེས་དང་།

གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ནང་སྲིད་ལས་ཁུངས་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན། ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་རྒྱ་བལ་འབྲུག་གསུམ་ནང་དཀའ་ངལ་འཕྲད་བཞིན་པའི་བོད་མི་བཙན་བྱོལ་བ་མི་གྲངས་ ༡༠༠༠ ལ་ཧིན་སྒོར་ ༥༠༠༠ རེ་གནང་རྒྱུའི་གསལ་བསྒྲགས་གནང་བ་ནས་བཟུང་སྙན་ཞུ་འབྱོར་བ་ཁག་བདུན་ཕྲག་གཅིག་གི་ནང་ཕྱོགས་བསྒྲིགས་གནང་སྟེ། བདུན་ཕྲག་གཉིས་ཙམ་གྱི་ནང་དངུལ་བགོ་འགྲེམས་བྱེད་རྒྱུའི་འཆར་གཞི་ཡོད། རྒྱལ་ཁབ་གཞན་ཁག་ལ་གཟིགས་དང་གསལ་བསྒྲགས་མང་པོ་གནང་གི་རེད། འོན་ཀྱང་མི་མང་གི་ལག་ཏུ་མཐུན་རྐྱེན་འབྱོར་བར་ཟླ་བ་གཉིས་གསུམ་དེ་འདྲ་འགོར་གྱི་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ངལ་སེལ་རོགས་དངུལ་གནང་རྒྱུ་དེ་གལ་ཆེ་དོན་ཆེན་བརྩིས་པའི་ཐོག་ནས་བདུན་ཕྲག་གཉིས་ནང་ཞིབ་འཇུག་ཆ་ཚང་གནང་སྟེ་དངུལ་བགོ་འགྲེམས་ཐུབ་པའི་ཕྱག་ལས་གནང་ཡོད། 

 

དེ་བཞིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ལ་ཆ་བཞག་པ་ཡིན་ན། རྒྱ་གར་རྒྱལ་ཡོངས་ཐེམ་སྤང་བཀའ་རྒྱ་བསྡམས་ཡོད་ནའང་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་ཡོངས་རྫོགས་ཉིན་ལྟར་ལས་ཁུངས་སུ་བཅར་ནས་ཕྱག་ལས་གནང་བཞིན་ཡོད། མི་མང་རྣམ་པ་ཡིན་ནའང་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྣམས་ཕྱག་ལས་གང་ཐུབ་གནང་གི་ཡོད་པ་མཁྱེན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་སྔ་ཐེངས་མང་པོ་ཞུས་ཟིན་པ་ལྟར་ཕྱི་ཟླ་ ༥ དང་  ༦ གཉིས་ནི་ཛ་དྲག་ཤོས་དང་ནད་ཡམས་འགོ་རྒྱུའི་ཉེན་ཁ་ཆེ་ཤོས་ཆགས་ཀྱི་ཡོད། དེར་བརྟེན་བོད་མི་རྣམས་རང་གནས་སུ་མུ་མཐུད་བཞུགས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སོ་སོའི་གཞིས་ཆགས་ནས་ཕྱི་ལ་འཐོན་པ་ཡིན་ན། ནད་ཡམས་འདི་འགོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་འདི་ཉིད་ཤེས་པའི་ཐོག་ནས་རང་ཁྱིམ་དུ་མུ་མཐུད་བཞུགས་རོགས་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་།

སྤྱིར་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་ནག་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ངལ་སེལ་ཚོགས་ཆུང་གི་དྲ་ཚིགས་ནི།     རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་གཉན་རིམས་ལ་བརྟེན་ནས་འཛམ་གླིང་ཁྱོན་དུ་ནད་ཡམས་ཀྱི་འཇིགས་པའི་འོག་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་ཡོད།   འཛམ་གླིང་གང་སར་ཏོག་དབྱིབས་གཉན་རིམས་ཁྱབ་པའི་རྐྱེན་གྱིས་ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་མང་པོས་མི་རྒྱུ་གཉིས་ཀར་འཕྲད་བཞིན་པའི་དཀའ་ངལ་ལས་རྣམ་པར་རྒྱལ་ཐབས་བྱེད་བཞིན་ཡོད།  བོད་མིའི་སྒྲིག་འཛུགས་ལ་མཚོན་ནའང་ཝུ་ཧན་ཏོག་དབྱིབས་གཉན་རིམས་སྔོན་འགོག་སླད་ཛ་དྲག་ལས་དོན་ཚོགས་ཆུང་ Covid-19 Emergency Relief Committee ཞེས་པ་ཆེད་འཛུགས་ཀྱིས་བཙན་བྱོལ་བོད་མི་རྣམས་ཀྱི་དཀའ་ངལ་སེལ་ཆེད་འབད་བརྩོན་ཞུས་དང་ཞུ་མུས་ཡིན། དྲ་རྒྱ་འདི་ནི་བཙན་བྱོལ་བོད་མིའི་ཁྲོད་ཏོག་དབྱིབས་གཉན་རིམས་ལ་བརྟེན་ནས་དཀའ་ངལ་འཕྲད་སྐབས་བོད་མིའི་སྒྲིག་འཛུགས་ནས་ལམ་སྟོན་དང་ངལ་སེལ་ལས་གཞི་སྤེལ་དང་སྤེལ་བཞིན་པ་ཁག་མང་ཚོགས་ནས་མཁྱེན་རྟོགས་སླད་ཆེད་མངགས་བཟོས་པ་ཞིག་ཡིན། ། 

Share with your friends










Submit