གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༤ རེས་གཟའ་ཕུར་བུ།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་སྐབས་ ༡༣ པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐད་བསྐོས་སྤྱི་འཐུས་དང་། བོད་བསྟན་སྲིད་མི་རིགས་ཆེད་སྲི་ཞུ་སྒྲུབ་གནང་མྱོང་བ་ལི་ཐང་རྨ་ལུ་ཚང་རྟ་མགྲིན་དབང་རྒྱལ་མཆོག་ཕྱི་ཟླ་ ༥ ཚེས་ ༧ ཉིན་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དམ་པ་གང་གི་སྐུ་འཁོར་ནང་མི་ཉེ་འབྲེལ་ལྟོས་བཅས་ལྷན་རྒྱས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་གནང་བའི་ནང་འཁོད་དོན། སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་པར་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་ཤིན་ཏུ་ཡིད་སྐྱོ་དང་བློ་ཕམ་གྱི་གནས་སུ་གྱུར་པ་དང་། གང་གི་ཉེ་འབྲེལ་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ཀྱང་ཐུགས་ཡིད་གདུང་ཆེན་པོའི་ངང་ཡོད་ངེས་ཀྱང་། འཇིག་རྟེན་གྱི་སྐྱེ་འགྲོ་ཀུན་ལ་སྐྱེ་འཆི་ཡི་རང་དབང་མེད་པ་ཆོས་ཉིད་ལ་དགོངས་པ་རྒྱ་ཆེ་བཞེས་དང་འབྲེལ་དམ་པ་དེ་ཉིད་ཀྱི་ཆེད་རྣམ་དཀར་དགེ་ཚོགས་ཀྱི་གནང་སྒོ་རིམ་པ་གནང་བཞིན་ཡོད་པར་གཞིར་བཅས་ཤིང་། འདི་ནས་ཀྱང་དམ་པ་དེ་ཉིད་ཀྱིས་བོད་མིའི་སྒྲིག་འཛུགས་དང་བོད་རྒྱ་ཆེའི་མང་ཚོགས་ཀྱི་དོན་དུ་ཞབས་ཞུ་མཐར་སོན་གནང་བའི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། མཆོག་གསུམ་རྒྱལ་བའི་སྤྱན་མངར་མཆོད་སྤྲིན་དང་བཅས་གང་གིས་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ཅིང་། འཕགས་མཆོག་ཕྱག་ན་པདྨོའི་རྗེས་སུ་བཟུང་སྟེ་རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་སྦྲགས། ཤུལ་ལུས་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ། ཞེས་འཁོད་འདུག

དེ་ཡང་ཐད་བསྐོས་བོད་མི་མང་སྤྱི་ཟུར་ལི་ཐང་རྟ་མགྲིན་དབང་རྒྱལ་ལགས་ནི་ཁམས་ལི་ཐང་རྨ་ལུ་ཚང་ཞེས་པའི་ཁྱིམ་ཚང་དུ་ཡབ་ཕུན་ཚོགས་དོན་གྲུབ་དང་། ཡུམ་སངས་རྒྱས་ཆོས་མཚོ་གཉིས་ཀྱི་རིགས་མྱུག་ཏུ་ཕྱི་ལོ་ ༡༩༣༠ ལོར་འཁྲུངས། ཕྱི་ལོ་ ༡༩༥༨ ལོར་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱི་འགོ་འཁྲིད་འོག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་ནང་ཞུགས་ནས་རྒྱ་དམག་ལ་འཁྲུགས་འཛིངས་སྔ་རྗེས་བྱས། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་ནས་རེ་ཞིག་མི་མང་སྤྱི་མཚུངས་ལྟར་འབྲས་ལྗོངས་ཁུལ་དུ་གནས་སྡོད་བྱས། ཕྱི་ལོ་ ༡༩༦༠ ལོར་བལ་ཡུལ་མངའ་ཁོངས་གློར་འཇབ་དམག་སྒྲིག་འཛུགས་གསར་དུ་འཛུགས་སྐབས་རྡོར་གླིང་ནས་གསང་བའི་ཐོག་ནས་ན་གཞོན་ཚོ་ཁག་བྱས་ནས་བལ་ཡུལ་དུ་བཏང་བའི་ཁོངས་སུ་གློར་འབྱོར་ནས་སྒྲིག་འཛུགས་ནང་འཇབ་དམག་གི་སློབ་སྦྱོང་བྱས། གློར་མི་མང་རྣམས་ལ་འཚོ་བའི་མཐུན་རྐྱེན་མཁོ་སྒྲུབ་དང་ཐད་གཏོང་བྱེད་མཁན་ས་འདུས་ཁག་ལ་འབྲེལ་མཐུད་པ་བཙུགས་ཡོད་པ་ལྟར། སྤོག་རར་མཁོ་སྒྲུབ་ལས་ཁུངས་སྤོག་ར་ཕོགས་ཁང་ཟེར་བ་ཞིག་བཙུགས་ཡོད་པ་དེར་ལས་བྱེད་ཁག་གཅིག་གློ་ནས་བཏང་ཡོད་པའི་ཁོངས་སུ་ཕྱི་ལོ་ ༡༩༦༢ ལོ་ནས་སྤོག་རར་ལས་འཁུར་ཞུས། དེ་རྗེས་སྤོག་རར་གློ་སྒྲིག་འཛུགས་མི་མང་གི་འཚོ་རྟེན་འཛུགས་བསྐྲུན་ལས་གཞིའི་ཆེད་ས་ཆ་ཉོ་རྒྱུ་དང་ཕྱི་ལོ་ ༡༩༧༢ ལོ་ནས་ཨན་ན་པུར་ན་མགྲོན་ཁང་གསར་རྒྱག་གི་ཨར་པོའི་ལས་གཞིར་ལྟ་རྟོགས་གནང་། ཕྱི་ལོ་ ༡༩༧༣ ལོར་ཨན་ན་པུར་ན་མགྲོན་ཁང་གི་འགན་འཛིན་དུ་བསྐོ་གཞག་ལྟར་ཕྱི་ལོ་ ༡༩༩༩ བར་ལས་འཁུར་ཞུས། ཕྱི་ལོ་ ༡༩༨༣ ལོར་རང་གཞུང་བཀའ་ཤག་གི་བཀའ་འབྲེལ་བཞིན་གློ་སྒྲིག་འཛིན་སྐྱོང་ཚོགས་ཆུང་གསར་དུ་བཀོད་བཙུགས་གནང་བའི་ཚོགས་གཙོ་གནང་མུས་སུ་ཕྱི་ལོ་ ༡༩༩༢ ལོ་ནས་འཛིན་སྐྱོང་ཚོགས་ཆུང་ལོ་གསུམ་རེ་བཞིན་མི་མང་གིས་འོས་བསྡུའི་ལམ་ནས་འདེམས་བསྐོས་རིམ་ཞུས་ཀྱིས་ཕྱི་ལོ་ ༢༠༠༧ བར་ཚོགས་གཙོ་གནང་། ཕྱི་ལོ་ ༢༠༠༡ ལོར་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐད་བསྐོས་སྤྱི་འཐུས་སུ་བསྐོ་གཞག་བསྩལ་བ་བཞིན་ལོ་ལྔ་ལས་འཁུར་ཞུས། ཕྱི་ལོ་ ༢༠༠༧ ནས་བསྐྱར་དུ་ལོ་གསུམ་རིང་གློ་སྒྲིག་བདེ་དོན་ཚོགས་པའི་ཚོགས་གཙོ་གནང་བ་དང་། དེ་ནས་གློོ་སྒྲིག་བདེ་དོན་ཚོགས་པའི་སློབ་སྟོན་པའི་མཚན་གནས་ཡོད་མུས་བཅས་སུ་སྐུ་ཚེ་ཧྲིལ་པོར་གཞུང་མང་གི་ཞབས་འདེགས་ཞུས་ཡོད།

ཉིན་ཤས་ནས་སྐུ་ཁམས་ཕྲན་བུ་བདེ་མིན་རྐྱེན་གྱིས་སྤོག་རའི་གྲོང་ཁྱེར་ནང་ཡོད་ཕེ་ཝ་སི་ཌི་སྨན་ཁང་དུ་བདུན་ཕྲག་གཅིག་ཙམ་སྨན་གཏུག་ཞུས་མཐར་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༧ བོད་ཟླ་ ༣ ཚེས་ ༡༥ ཉིན་སྨན་ཁང་ནང་སྐུ་ཚེའི་འཕེན་པ་རྫོགས་ཤིང་། དམ་པ་ཁོང་སྐུ་འཚོ་བཞུགས་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས་ལ་འཛེམས་གཟོན་སྤུ་ཙམ་ཡང་མེད་པར་བཞེངས་ཕྱོགས་བརྟན་པོའི་ཐོག་གནས་མཁན་གྱི་མི་སྣ་ཞིག་ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ། །

Share with your friends










Submit