ཟླ་བ་ ༥ ཚེས ༢༡ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༡ རེས་གཟའ་ཕུར་བུ།

༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཁྱབ་ཁོངས་ཅོན་ཏ་ར་ས་གནས་འགོ་འཛིན་ལས་ཁུངས་ནས་ཏོག་དབྱིབས་གཉན་རིམས་ ༡༩ (COVID-19) སྔོན་འགོག་ལས་དོན་ཇི་ཞུས་གནས་བསྡུས། 

བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་འཆར་དངུལ་བཀའ་འཁྲོལ་ཡོད་པའི་ཐོག་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༣༡ ཉིན་དུག་སེལ་ཡོ་ཆས་གསར་ཉོ་ཆེད་འགྲོ་གྲོན་ཧིན་སྒོར་ ༨༠༧༠ ཐམ་པ་ཕྱིན་ཡོད་པ་དང་།    དེ་དག་མཁོ་གྲུབ་ཀྱིས་ཅོན་ཏ་ར་བོད་མིའི་གཞིས་ཆགས་ཡོངས་སུ་དུག་སེལ་བདུན་རེའི་ནང་ཐེངས་རེ་གནང་མུས་ཡིན།  ཐེམ་སྤང་བཀའ་རྒྱའི་དུས་ཡུན་རིང་མི་མང་ལ་ཛ་དྲག་གི་ཡར་འགྲོ་མར་འགྲོ་དཀའ་ངལ་འཕྲད་སྐབས་འདི་ནས་  Amit Mehra,SDM Jogindernagar མཆོག་ལ་འབྲེལ་བ་ཞུས་ཏེ་དུས་ཐོག་མོ་ཊ་ཆོག་མཆན་ཞུ་རྒྱུ་མཚོན་པའི་ལས་དོན་གནང་བཞིན་ཡོད།  འདི་གའི་དྭང་བླངས་ཚོགས་པ་ནས་ཞལ་འདེབས་བསྡུ་རུབ་ཀྱིས་ཉེ་འཁྲིས་ཡུལ་མི་ཉམ་ཐག་དུད་ཚང་ ༥༠ ལྷག་ཙམ་ལ་བཟའ་འབྲུ་བགོ་འགྲེམས་ཞུས་ཡོད། གཞན་ཡང་ས་གནས་འགོ་འཛིན་ལས་ཁུངས་དང་ནང་ཆེན་ཚོགས་པ་གཉིས་མཉམ་རུབ་ཐོག་ཞལ་འདེབས་བསྡུ་རུབ་ཀྱིས་ས་གནས་ Jogindernagar SDM མཆོག་ལ་ནད་ཡམས་ཛ་དྲག་གི་ལས་འགུལ་སྤེལ་ཆེད་ Red Cross Society ལ་འབུམ་གཉིས་དང་། མངའ་སྡེའི་བློན་ཆེན་གྱི་ངལ་སེལ་ཐེབས་རྩ་ CM Relief Fund མཚན་ཐོག་འབུམ་གཅིག་བཅས་ཕུལ་ཐུབ་པ་བྱུང་ཡོད། 

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་བཀོད་ཁྱབ་དགོངས་དོན། འདི་ནས་ཧིན་སྒོར་ ༡༠,༢༠༠ ཐམ་པའི་ཁ་རས་ཉོས་ཏེ་ཁྱབ་ཁོངས་མི་མང་དང་། དགོན་ཁག་གཉིས། སཾ་བྷོ་ཊ་ཉིན་སློབ་ཀྱི་དགེ་ལས་ཡོངས་ལ་ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༣༠ ཉིན་བགོ་འགྲེམས་ཞུས་ཡོད། དེ་བཞིན་འཕྲོད་བསྟེན་ལས་ཁུངས་ནས་དངུལ་འབབ་བཀའ་འཁྲོལ་གནང་བ་གཞིར་བཟུང་འགྲོ་གྲོན་ཧིན་སྒོར་ ༡༡,༠༠༠ བཏང་བའི་ཐོག་དུག་སེལ་ཡོ་ཆས་ཁག་མཁོ་གྲུབ་ཀྱིས་དུག་སེལ་ལས་འགུལ་སྤེལ་འཆར་ཡོད།  ས་གནས་དྭང་བླངས་ཚོགས་པ་ནས་གདོང་འགེབས་ Face shields གྲངས་བཞི་སྟོང་ལྷག་བཟོས་ཟིན་པ་བཞིན་ས་གནས་འཕྲོད་བསྟེན་སྨན་ཁང་དང་། ཉེ་འཁྲིས་རྒྱ་གར་སྨན་ཁང་ (Tanda Hospital Kangra, Ayurvedic Hospital ) དང་། སློབ་ཁག་དང་ཉེན་རྟོག་པ། སྨན་རྩིས་ཁང་། རྒྱ་གར་དཔོན་རིགས་བཅས་ལ་རིན་མེད་ཐོག་བགོ་འགྲེམས་ཞུས་ཡོད། གདོང་འགེབས་སྒང་ལ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་ Thank You India! Salute to Heroes བཅས་འཁོད་ཡོད།   ད་དུང་ཡང་གདོང་འགེབས་ Face shields བཟོ་མུས་ཡིན་པ་བཅས། །