ཟླ་བ་ ༥ ཚེས ༢༥ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༥ རེས་གཟའ་ཟླ་བ། 

༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ལམ་སྟོན་དང་རོགས་སྐྱོར་གནང་དང་གནང་མུས་ལྟར། ཀྲུ་ཀྲིང་ས་གནས་འགོ་འཛིན་ལས་ཁུངས་ནས་ཏོག་དབྱིབས་གཉན་རིམས་སྔོན་འགོག་སླད་ལས་དོན་རྣམས་འཐུས་སྒོ་ཚང་བ་ཞུས་ཡོད།

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ཁྱབ་ཁོངས་ཀྲུ་ཀྲིང་བོད་མིའི་གཞིས་ཆགས་ནི། བཙན་བྱོལ་བོད་མིའི་གཞིས་ཆགས་གཞན་དང་བསྡུར་ན་གནས་སྟངས་དང་མཐུན་རྐྱེན་ཞན་པོ་ཡོད་ནའང་། ས་གནས་འགོ་འཛིན་ལས་ཁུངས་ནས་གང་ཐུབ་ཀྱིས་ཏོག་དབྱིབས་གཉན་རིམས་སྔོན་འགོག་ཆེད་དུ་ལས་འགུལ་སྤེལ་དང་སྤེལ་མུས་ཡིན།

འདི་གའི་ཁྱབ་ཁོངས་ངེས་གསང་མདོ་སྔགས་བྱང་ཆུབ་དར་རྒྱས་གླིང་དགོན་པའི་མཁན་རིན་པོ་ཆེ་ཚེ་རིང་རྡོ་རྗེ་མཆོག་གིས་གཞིས་མི་དང་ཡུལ་མི་གྲངས་ ༤༠༣ ལ་ཧིན་སྒོར་ ༢༠༠༠ རེར་རོགས་སྐྱོར་གནང་ཡོད་པ་དང་། གཞན་ཡང་འཆི་མེད་གཡང་གསང་ཚོགས་པ་ནས་སློབ་ཕྲུག་གྲངས་ ༡༡༠ ལ་ཧིན་སྒོར་ ༥༠༠ རེར། མཐོ་སློབ་ཏུ་འགྲིམ་བཞིན་པའི་སློབ་ཕྲུག་གྲངས་ ༡༡༩ ལ་ཧིན་སྒོར་ ༡༥༠༠ རེར་བཅས་གནང་ཡོད། ཀྲུ་ཀྲིང་ས་གནས་ཀྱི་དམག་སྒར་ནས་ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡༣ ཉིན་ཡུལ་མི་དང་གཞིས་མི་གྲངས་ ༧༠ ལ་བཟའ་བཅའི་རིགས་འབྲས་དང་། སྣུམ། ཚྭ། གྲོ་ཞིབ་བཅས་གནང་ཡོད། རྒྱ་གར་རྒྱལ་ཡོངས་སུ་ཐེམ་སྤང་བཀའ་རྒྱའི་རྐྱེན་པས་ཛ་དྲག་དཀའ་སེལ་ཆེད་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ངལ་སེལ་རོགས་སྐྱོར་གནང་རྒྱུའི་གསལ་བསྒྲགས་གནང་བ་ལྟར་ས་གནས་ནས་མི་གྲངས་དགུའི་འགེངས་ཤོག་བཀང་འབུལ་ཞུས་ཡོད།

ས་གནས་སུ་ད་བར་ཏོག་དབྱིབས་གཉན་རིམས་ཀྱི་ནད་རྟགས་ཐོན་པ་མི་གཅིག་ཀྱང་བྱུང་མེད་ནའང་། སྔོན་འགོག་ཆེད་ས་གནས་མང་ཚོགས་ལ་དུས་ནས་དུས་སུ་ལམ་སྟོན་དང་། ས་གནས་སུ་དྭང་བླངས་ཚོགས་ཆུང་ཟུར་འཛུགས་གནང་བའི་ཐོག་དྭང་བླངས་ཚོགས་ཆུང་གིས་གཞུང་ལམ་གཉིས་ཀྱི་རྒྱལ་སྒོར་ཉིན་མཚན་མེད་པར་སྒོ་སྲུང་བཞག་ཡོད་པ་དང་། ཕྱི་མི་ཡོང་མཁན་རྣམས་ཀྱི་ཆེད་དུ་འགོག་དབྱེ་ཟུར་འཇོག་ཁང་ཡང་གོ་སྒྲིག་ཞུས་ཡོད་པ་བཅས། །