གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༨ རེས་གཟའ་ཟླ་བ།

༄༅། །རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཁོང་གི་ཡབ་ཡུམ་བཅས་བཙན་ཁྲིད་གསང་ཉར་བྱས་པ་ནས་བཟུང་ད་བར་ལོ་ངོ་ ༢༥ རིང་གར་སོང་ཆ་མེད་དུ་གྱུར་ཡོད་པར་བརྟེན། ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་རྒྱ་གར་གྱི་དགོང་དྲོ་ཆུ་ཚོད་བདུན་པའི་སྟེང་བོད་སྐད་ཐོག་དྲ་ལམ་བརྒྱུད་མཁས་པའི་བགྲོ་གླེང་ཞིག་གོ་སྒྲིག་གནང་ཡོད་པ་མ་ཟད། ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་མྱུར་གློད་བཀྲོལ་ཡོང་སླད་བཙན་བྱོལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རང་ཁྱིམ་ནས་མར་མེའི་སྨོན་ལམ་གསོལ་འདེབས་ཀྱི་ལམ་ནས་ལས་འགུལ་སྤེལ་ཡོད།

དེ་ཡང་དྲ་ལམ་བརྒྱུད་མཁས་པའི་བགྲོ་གླེང་བསྐོང་ཚོགས་གནང་སྐབས། ཐོག་མར་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་དང་ཁྱབ་ཁོངས་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་རྣམ་པས་འདི་ལོ་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་དང་སྟབས་བསྟུན་ཟླ་གྲངས་གཅིག་རིང་དྲ་ལམ་བརྒྱུད་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་གློད་བཀྲོལ་ཡོང་བའི་ཞུ་གཏུག་གི་ལས་འགུལ་སྤེལ་དང་སྤེལ་མུས་ལྟར་ད་བར་རྒྱལ་སྐུ་ཚབ་དོན་གཅོད་རྣམ་པས་ལས་འགུལ་ཇི་སྤེལ་གྱི་ལས་བསྡོམས་སྙན་སྒྲོན་གནང་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་དོན། ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གི་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ཧྲིལ་པོ་ ༢༥ འཁོར་བའི་ཉིན་མོར་ཆེད་ཕེབས་གནང་བའི་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་དང་།  རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས། འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་བཅས་ལ་ངས་འཚམས་འདྲི་ཞུ་རྒྱུ་ཡིན།

དེ་རིང་གི་ཉིན་མོ་འདི་ནི་ཕྱོགས་གཅིག་ནས་ཡིད་སྐྱོ་བའི་ཉིན་མོ་ཞིག་ཆགས་ཀྱི་ཡོད། གང་ཡིན་ཞེ་ན། ཕྱི་ཟླ་ ༤ ཚེས་ ༢༥ ཉིན་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༡ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཞུ་དགོས་ཀྱི་ཡོད་ནའང་ད་བར་གར་སོང་ཆ་མེད་དུ་གྱུར་ནས་དེ་རིང་ལོ་ངོ་ ༢༥ འཁོར་གྱི་ཡོད་ཅིང་། འཛམ་གླིང་ཁྱོན་ཡོངས་སུ་གནས་པའི་ནང་པ་དང་ཁྱད་པར་བོད་མི་ས་ཡ་དྲུག་གིས་ཁོང་གི་ཞལ་མཇལ་དང་གསུང་ཐོས་རྒྱུའི་གོ་སྐབས་ནམ་ཡོང་སྐོམ་པ་ཆུ་འདོད་ལྟར་རེ་སྒུག་བྱེད་བཞིན་ཡོད། དངོས་འབྲེལ་བྱས་ན་བོད་མི་ཡོངས་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཅས་ནས་གཞུང་དང་གྲོས་ཚོགས། རྒྱལ་སྤྱིའི་ཚོགས་པ་ཁག་ལ་དངོས་སུ་བཅར་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནས་སྟངས་ངོ་སྤྲོད་དང་འབྲེལ་ཞུ་གཏུག་འབུལ་གྱི་ཡོད་པ་རེད།

ད་རེས་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ནད་ཡམས་ཀྱི་རྐྱེན་པས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་སྐོར་ཞུ་གཏུག་འབུལ་རྒྱུ་ཡིན་ནའང་དངོས་སུ་བཅར་རྒྱུ་མ་བྱུང་བའི་གནས་སྟངས་ཆགས་ཡོད། གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིགས་རྒྱབ་རིན་པོ་ཆེ་མཆོག་ཡིན་ནའང་ཨ་རིའི་གྲོས་ཚོགས་སུ་ཕེབས་ཏེ་བཀའ་སློབ་གནང་རྒྱུ་གྲ་སྒྲིག་ཡོད་པ་མ་ཟད། ཁེ་ན་ཌའི་གྲོས་ཚོགས་སུ་ཕེབས་རྒྱུའི་སྐོར་བཀའ་བསྡུར་གནང་བཞིན་ཡོད་ནའང་ནད་ཡམས་ཀྱི་རྐྱེན་པས་གནང་མ་ཐུབ་པ་རེད། ཕྱོགས་གཅིག་ནས་བལྟས་པ་ཡིན་ན་རྒྱ་ནག་གཞུང་གིས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཛིན་བཟུང་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཡོད། རྒྱ་ནག་ནས་ཁྱབ་པའི་ནད་ཡམས་ཀྱི་རྐྱེན་པས་ཞུ་གཏུག་འབུལ་རྒྱུ་ཡིན་ནའང་དངོས་སུ་བཅར་མ་ཐུབ་པའི་གནས་སྟངས་ཆགས་ཡོད། དེར་བརྟེན་གནས་སྟངས་ཛ་དྲག་པོ་དང་བློ་ཕམ་པོ་ཆགས་ཡོད་ནའང་ད་ལྟའི་ཆར་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་བཞུགས་ཡོད་ནའང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འཁྲུངས་སྐར་ལ་འཚམས་འདྲི་ཞུ་རྒྱུ་ཡིན། ཡབ་ཡུམ་རྣམ་གཉིས་ཀྱིས་དབུས་ཉེ་འབྲེལ་ཡོངས་ལ་འཚམས་འདྲི་དང་གདུང་སེམས་མཉམ་སྐྱེ་ཡོད་ཅེས་ཞུ་རྒྱུ་ཡིན།

ཉུང་མཐར་རྒྱལ་ཁབ་ཁག་བཅུ་གཉིས་བཅུ་གསུམ་གྱི་གྲོས་ཚོགས་འཐུས་མི་མང་དག་ཅིག་གིས་མཚན་རྟགས་བཀོད་དེ་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཕྲལ་དུ་གློད་བཀྲོལ་གཏོང་དགོས་ཀྱི་ཡོད། རྒྱ་གཞུང་གཞུང་ནས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་ནང་མི་ལྷན་རྒྱས་གང་དུ་ཡོད་མེད་རྒྱལ་སྤྱིའི་ཐོག་ནས་གསལ་པོ་ཤེས་དགོས་ཀྱི་ཡོད། འདི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གི་ཐོབ་ཐང་རེད། ཅེས་སྐུ་ཚབ་དོན་གཅོད་དང་བོད་རིགས་སྤྱི་མཐུན་ཚོགས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ནས་འབད་བརྩོན་གནང་དང་གནང་མུས་རེད། སྔ་ལོ་ཟླ་ ༩ ནང་ཇི་ནི་ཝར་ཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་པའི་ཞིབ་བཤེར་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༡༡༩ པའི་ཐོག་རྒྱ་ནག་གཞུང་ལ་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་ནང་མི་ལྷན་རྒྱས་གང་དུ་ཡོད་མེད་འདྲི་རྩད་གནང་བར་ལན་འདེབས་གསལ་པོ་བརྒྱབ་ཐུབ་མེད།

རྒྱ་ནག་གཞུང་ལ་རྗོད་རྒྱུར། བོད་མིའི་ངོས་ནས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་མ་བཏང་བར་དུ་འབད་བརྩོན་མུ་མཐུད་བྱེད་རྒྱུ་ཡིན། རྒྱ་ནག་གཞུང་གིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ངེས་པར་དུ་གློད་བཀྲོལ་གཏོང་དགོས། འབོད་སྒྲ་འདི་བོད་མི་ས་ཡ་དྲུག་གི་འབོད་སྒྲ་ཙམ་མིན། རྒྱལ་སྤྱིའི་ཐོག་ནས་འབོད་སྒྲ་འདི་ཡོང་མུས་རེད། རྒྱ་རིགས་ནང་པའི་ཁོངས་ནས་ཀྱང་འབོད་སྒྲ་དང་མངོན་འདོད་འདི་ཡོད་རེད་བསམ་གྱི་འདུག དེར་བརྟེན་རྒྱ་ནག་གཞུང་གིས་འདི་དག་ཚང་མ་ཉན་པའི་ཐོག་ནས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་གཏོང་རོགས། ཁོང་ཆོས་ཕྱོགས་ཀྱི་ཐོག་ནས་བླ་ཆེན་ཞིག་ཆགས་ཀྱི་ཡོད་པ་རེད། ཆོས་ཕྱོགས་ཀྱི་མཛད་པ་འཕྲིན་ལས་བླ་ཆེན་གཞན་ལྟར་གནང་དགོས་ཀྱི་ཡོད་སྟབས། རྒྱ་ནག་གཞུང་གིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་གཏང་བ་ཡིན་ན། རླབས་ཆེན་གྱི་མི་སྣ་ཡིན་པ་ནང་བཞིན་ཆོས་ཕྱོགས་ཀྱི་མཛད་པ་འཕྲིན་ལས་དེ་དག་གནང་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་།

དེ་ནས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་གསུང་དོན། ང་རང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་ཡིན་པའི་སྐབས་ང་ཚོའི་བསམ་བློའི་རང་དབང་མེད་པའི་བཙོན་པ་ Prisoner of conscience ཞེས་པའི་ལས་འཆར་ཞིག་གི་འོག་ངས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་གློད་བཀྲོལ་ཡོང་ཆེད་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད།

གྲོས་ཚོགས་ཁག་གིས་བོད་དོན་སྐོར་ཉན་ཞིབ་གནང་བའི་སྐབས་ངས་པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་སྐོར་ཤུགས་ཆེན་པོ་ཞུས་ཡོད། ཕྱི་ལོ་ ༢༠༡༦ ནས་ ༢༠༢༠ བར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ལོ་འཁོར་སྙན་ཐོའི་ནང་བོད་དང་ལྷག་པར་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་སྐོར་གནས་ཚུལ་ཞིབ་ཕྲ་བཀོད་ཡོད། རྒྱལ་སྤྱིའི་བྱིས་པའི་ཐོབ་ཐང་དང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གར་སོང་ཆ་མེད་ཀྱི་ལས་དོན་ཚོགས་ཆུང་གི་ཁྲིམས་སོགས་ལ་བལྟས་པ་ཡིན་ན། རྒྱ་ནག་གཞུང་གི་བྱ་སྤྱོད་དེ་ཤིན་ཏུ་ཐ་ཤལ་བ་དང་མ་རབས་ཡིན་པའི་གནད་དོན་ཞིག་ཆགས་ཡོད། འགྲོ་བ་མིིའི་ཐོབ་ཐང་ཚང་མའི་ནང་ནས་ཐོབ་ཐང་ཆེ་ཤོས་དེ་ཆོས་དད་རང་དབང་གི་ཐོབ་ཐང་རེད།

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་གཞི་རྩའི་འཛིན་ས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་དོན་ཚན་ ༡༨ པ་དེ་རེད། དེ་གཞིར་བཞག་ནས་ང་ཚོས་འཛམ་གླིང་མི་མང་ལ་མི་སྒེར་སོ་སོར་ཡིད་ཆེས་དང་དད་མོས་བྱེད་རྒྱུའི་ཐོབ་ཐང་ཡོད་པ་མ་ཟད། དེར་བརྩི་བཀུར་ཞུ་དགོས་རེད་ཅེས་ཞུ་ཡི་ཡོད།  པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་མི་སྒེར་གཅིག་གི་གནད་དོན་མ་རེད། བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་བོད་བརྒྱུད་ནང་བསྟན་ཐོག་ནས་ཧ་ལས་པའི་གལ་འགངས་ཆེན་པོ་ཆགས་ཡོད། ཨ་རི་ཡིས་གཙོས་བོད་དོན་རྒྱབ་སྐྱོར་བ་ཚོས་པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་ཡོང་ཆེད་བཀའ་མོལ་གནང་གི་ཡོད་པ་ཡག་པོ་རེད། ཡིན་ཡང་བོད་དོན་རྒྱབ་སྐྱོར་བ་ཚོས་ཁྲིམས་འཆར་ལག་བསྟར་གནང་དགོས་པའི་དུས་ལ་བབས་ཡོད།   པཎ་ཆེན་རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་ཡིན་ན། རྒྱ་ནག་གཞུང་གིས་སྟོན་དང་། ག་རེ་བྱས་ནས་སྦས་བསྐུངས་བྱེད་དགོས་རེད།   རྒྱ་ནག་གཞུང་གིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་འཕྲལ་དུ་གློད་བཀྲོལ་གཏོང་རོགས། ཞེས་གསུངས། 

ཕྱོགས་མཚུངས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ཀྱིས། ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་བོད་སྤྱི་པའི་གནད་དོན་དང་འབྲེལ་བ་ཆགས་ཡོད། རྒྱ་ནག་གཞུང་གིས་བོད་ཡོངས་རྫོགས་བཙན་འཕྲོག་བྱས་པ་ནང་བཞིན་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་སྒེར་གྱི་རང་དབང་ཡང་བཙན་འཕྲོག་བྱས་པ་རེད། བོད་མིའི་ཆོས་དད་རང་དབང་འཕྲོག་པ་ནང་བཞིན་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་སྐུ་སྒེར་གྱི་ཆོས་དད་རང་དབང་ཡང་མེད་པར་བཟོས་ཡོད། རྒྱ་ནག་གཞུང་གིས་བོད་མིའི་ཐོག་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་གཏན་འབེབས་བཟོས་ཏེ་སྨྲ་བརྗོད་རང་དབང་དང་། འགྲོ་འདུག་རང་དབང་། ཆོས་དད་རང་དབང་སོགས་འཕྲོག་པ་ཡིན་སྟབས། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དེ་བོད་སྤྱི་པའི་གནད་དོན་ཞིག་ཆགས་ཡོད། ཅེས་དང་།  གཞན་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ནང་གཞུང་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སོགས་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དེ་གལ་ཆེན་པོ་རྩི་ཡི་ཡོད། ཅེས་སོགས་གསུངས།།

Share with your friends










Submit