ཟླ་བ་ ༤ ཚེས ༢ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢ རེས་གཟའ་ཕུར་བུ། 

 

༄༅། །དེང་སྐབས་རྒྱ་ནག་ཝུ་ཧན་ནས་ཏོག་དབྱིབས་གཉན་རིམས་འཛམ་གླིང་ཡོངས་ལ་ཁྱབ་བརྡལ་འགྲོ་བཞིན་པའི་སྐབས་དང་བསྟུན། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གིས་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ་གྲངས་ ༣༢ རྣམས་ཐེངས་དང་པོ་ཛུམ་དྲ་རྒྱ་ Zoom བརྒྱུད་དྲ་ཐོག་ནས་ཚོགས་འདུ་བསྐོངས་ཡོད་པ་དང་། ཐེངས་འདིའི་དྲ་ཐོག་གི་ཚོགས་འདུའི་སྟེང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་གཙོས་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་རྣམ་པ་དང་། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ་རྣམ་པ། དེ་བཞིན་ཆེད་མཁས་སྨན་པ་དཀོན་མཆོག་རྡོ་རྗེ་ལགས་བཅས་མཉམ་ཞུགས་གནང་ཡོད།

དེ་ཡང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཚོགས་འདུར་མཉམ་ཞུགས་གནང་མཁན་ཡོངས་ལ་ཕེབས་བསུ་དང་ཚོགས་འདུའི་དགོས་དམིགས་སྐོར་ངོ་སྤྲོད་གནང་རྗེས་མཉམ་ཞུགས་པ་ཡོངས་ནས་རང་ཉིད་སྐོར་ངོ་སྤྲོད་དང་ས་ཁུལ་སོ་སོའི་ཏོག་དབྱིབས་གཉན་རིམས་ཀྱི་གནས་བབ་སྐོར་གསུངས། ད་ལྟའི་ཆར་བྱང་ཨ་རིའི་ནང་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་མི་གཅིག་གཉིས་ཙམ་དོགས་ཟོན་འོག་ཡོད་པ་ཙམ་མ་གཏོགས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་གང་ཡང་བྱུང་མེད་པའི་སྐོར་གསུངས།

ཚོགས་འདུའི་ཐོག་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་ཏོག་དབྱིབས་གཉན་རིམས་ལ་གདོང་ལེན་དང་སེམས་གསོ་གནང་ཕྱོགས་སོགས་ཀྱི་སྐོར་གོ་བསྡུར་སྦྱངས་བཤད་གནང་ཡོད་པ་མ་ཟད། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པས་བོད་མིའི་སྨན་ཞབས་པ་ཁག་གཅིག་དང་ལྷན་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་སྐོར་ཛ་དྲག་གི་འབྲེལ་གཏུག་ཁ་པར་བརྒྱུད་ལམ་བཙུགས་ཡོད་པ་དང་། དེ་བཞིན་བོད་ཀྱི་བླ་མ་དང་དགེ་བཤེས། སེམས་ཁམས་རིག་པ་བ། ཁྱད་སྟོན་མི་སྣ་སོགས་གདན་ཞུ་གནང་སྟེ་ལམ་སྟོན་གནང་དགོས་པ་སོགས་ཀྱི་སྐོར་ཡང་གྲོས་བསྡུར་གནང་ཡོད།

གཞན་ཡང་ཨ་རི་དང་ཁེ་ན་ཌའི་གཞུང་གིས་བོད་མི་ཚོར་རོགས་དངུལ་གནང་བ་དེ་དག་ཇི་ལྟར་ལེན་དགོས་པའི་སྐོར་བོད་མིའི་ཁྲིམས་རྩོད་པ་གདན་ཞུ་དང་། བོད་མི་རྒན་འཁོགས་དང་ཉམ་ཐག་རྣམས་ལ་རོགས་རམ་ཇི་ལྟར་གནང་དགོས་པ་སོགས་ཀྱི་སྐོར་གོ་བསྡུར་སྦྱངས་བཤད་གནང་ཡོད། སྨན་པ་དཀོན་མཆོག་རྡོ་རྗེ་ལགས་ཀྱིས་ཉེ་ཆར་རྒྱ་གར་ནང་བོད་མི་ན་གཞོན་ཞིག་གིས་རང་སྲོག་བཅད་ཡོད་པའི་སྐོར་དང་འབྲེལ་ནས་བོད་མི་ཞིག་ལ་དཀའ་ངལ་འཕྲད་བཞིན་པའི་སྐབས་རོགས་རམ་གནང་དགོས་པ་སོགས་ཀྱི་སྐོར་གསུངས།

བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས། དཔལ་ལྡན་བཀའ་ཤག་དང་བོད་མིའི་སྒྲིག་འཛུགས་ནས་བྱང་ཨ་རིའི་བོད་མི་ཚོའི་བདེ་སྡུག་ལ་ཐུགས་ཁྲལ་གནང་བཞིན་ཡོད་པ་མ་ཟད། བྱང་ཨ་རིའི་བོད་མི་ཚོའི་གནས་སྟངས་སྐོར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ལ་སྙན་སེང་ཞུ་དགོས་པ་སོགས་ཀྱི་སྐོར་གསུངས། ཕྱོགས་མཚུངས་དངོས་གྲུབ་ཚེ་རིང་ལགས་ཀྱིས་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་ཚོགས་གཙོ་རྣམས་ལ་རེ་སྐུལ་ཁག་གཅིག་ཞུས་ཡོད་པ་ཁག་གཤམ་གསལ།
༡༽  ཨ་རིའི་གྲོས་ཚོགས་གོང་མའི་གྲོས་ཚོགས་འཐུས་མི་རྣམ་པར་ཕྱི་ལོ་ ༢༠༡༩ ལོའི་བོད་ཀྱི་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པ་དེ་གྲོས་ཚོགས་གོང་མའི་ནང་རྒྱབ་སྐྱོར་འཐོབ་ཐབས་སུ་ཞུ་ཡིག་འབུལ་དགོས་པ།
༢༽  ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མགྱོགས་མྱུར་གློད་བཀྲོལ་གཏོང་དགོས་པའི་ཞུ་གཏུག་གནང་དགོས་པ།
༣༽  ཕྱི་ལོ་ ༢༠༢༠ ལོ་འདི་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་དགོས་པ།
༤༽  སོ་སོའི་ཕྲུ་གུར་བོད་སྐད་རྒྱག་དགོས་པའི་དྲན་སྐུལ་གནང་དགོས་པ།
༥༽  སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་སྐོར་དུས་དང་བསྟུན་གནས་ཚུལ་ཁ་གསབ་གནང་དགོས་པ་བཅས་ཀྱི་སྐོར་གསུངས།།