གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡༦ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་བརྒྱུད་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་སྤེལ་སྐབས་གསུང་དོན། རྣམ་པ་ཚོ་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་དུ་ཕྱིན་ཏེ་ད་བར་ནད་པ་མི་གྲངས་ས་ཡ་གཉིས་ལྷག་ཙམ་དང་། མི་གྲངས་འབུམ་གཅིག་དང་ཁྲི་གསུམ་ཙམ་འདས་གྲོངས་སུ་ཕྱིན་ཡོད་སྟབས། འཛམ་གླིང་ཡོངས་ལ་ཛ་དྲག་གི་གནས་སྟངས་ཆགས་ཡོད། དེའི་ནང་བོད་མི་ས་ཡ་དྲུག་ཀྱང་ཚུད་ཡོད། ཚོད་དཔག་དང་གོ་ཐོས་ལྟར་ན་འཛམ་གླིང་ཁྱོན་ཡོངས་ལ་བོད་མི་ཕལ་ཆེར་བརྒྱ་ཕྲག་ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་ས་རེད། སྟབས་ལེགས་པ་ཞིག་ལ་མང་ཆེ་བ་དྲག་སྐྱེད་འབྱུང་བཞིན་འདུག ཚང་མས་མཁྱེན་གསལ་ལྟར་དགུང་ལོ་བགྲེས་པ་ཁག་གཅིག་འདས་གྲོངས་སུ་ཕྱིན་ཡོད་པ་དེ་དག་ལ་ཚང་མས་ཐུགས་སྨོན་གནང་རོགས།

དེ་རིང་འདིར་མང་ཚོགས་ལ་གོ་རྟོགས་སྤེལ་སླད་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། ནང་སྲིད་དྲུང་ཆེ་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས། འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་བཅས་ཕེབས་ཡོད། ཁོང་རྣམ་པ་ནི་བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ ༡༩ ལས་དོན་ཚོགས་ཆུང་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཛ་དྲག་ཚོགས་ཆུང་གི་འགན་འཁུར་མཁན་གཙོ་བོ་ཆགས་ཡོད། ཚོགས་ཆུང་གཉིས་ཀྱི་ཚོགས་གཙོ་འཕྲོད་བསྟེན་བཀའ་བློན་མཆོག་རེད། གཞན་ཡང་༸རྒྱལ་བའི་བླ་སྨན་པ་ཚེ་དབང་རྟ་མགྲིན་ལགས་དང་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་རྣམ་གཉིས་སློབ་སྟོན་པ་རེད། དེ་བཞིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ ༡༩ དང་འབྲེལ་བའི་ཚོགས་ཆུང་བརྒྱད་ཡོད་པ་དེ་དག་གི་འགན་འཛིན་དང་འབྲེལ་ཡོད་ལས་བྱེད་བཅས་འདིར་ཕེབས་ཡོད། ཁོང་རྣམ་པས་ཕྱི་ལོ་ ༢༠༢༠ ཟླ་ ༡ ཙམ་ནས་ཕྱག་ལས་ཧུར་ཐག་གནང་བཞིན་ཡོད། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ལ་མཐུན་རྐྱེན་སྦྱར་རྒྱུ་དང་འབྲེལ་བ་གནང་རྒྱུ་སོགས་ཧུར་ཐག་གནང་སོང་། དེར་བརྟེན་ཁོང་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སྤྱིར་འཕྲོད་བསྟེན་བཀའ་བློན་མཆོག་དང་། འཕྲོད་བསྟེན་དྲུང་ཆེ། ནང་སྲིད་དྲུང་ཆེ། དྲིལ་བསྒྲགས་དྲུང་ཆེ་བཅས་ནས་ད་བར་ལས་དོན་ཇི་སྤེལ་སོགས་ངོ་སྤྲོད་གནང་གི་རེད། དེ་དག་གསན་རོགས་གནང་། རྒྱ་གར་ནང་གནས་ཚུལ་བཟང་བ་ཞིག་ལ་ Red Zone ཞེས་མངའ་སྡེ་ཁག་གི་ཐོ་གཞུང་སྟོན་གནང་འདུག་པའི་ནང་ཧི་མཱ་ཅལ་ཚུད་མི་འདུག ད་ལྟའི་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་སུ་གང་ལའང་གནང་གི་མེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་གསལ་ཐང་ཡིན་པས་ཐུགས་ཁྲལ་རྩ་བ་ཉིད་ནས་མ་གནང་རོགས་རོགས་ཞེས་ཞུ་རྒྱུ་ཡིན།

ད་ལྟའི་ཆར་རྡ་ས་གངས་སྐྱིད་ཁུལ་གྱི་སྲི་ཞུའི་ལས་བྱེད་ཚོ་ཡིན་ནའང་ཏོགས་དབྱིབས་གཉན་རིམས་ཕོག་པ་གང་ཡང་བྱུང་མེད། བོད་མིའི་སྒྲིག་འཛུགས་ཡིན་ནའང་དགོས་གལ་ཅན་གྱི་ལས་དོན་ཁག་མུ་མཐུད་གནང་མུས་ཡིན། ཞེས་ཞུ་རྒྱུ་ཡིན།རྩ་བའི་རྒྱ་གར་གཞུང་གིས་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༣ རྗེས་ཐེམ་སྤང་བཀའ་རྒྱ་ཉུང་དུ་གཏང་གི་ཡིན་ཞེས་གསལ་བསྒྲགས་གནང་ཡོད་ནའང་དེ་སྔ་ཞུས་པ་ལྟར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་ཡོད་པའི་བོད་མི་རྣམས་ལ་རང་བཞིན་གྱིས་དམ་བསྒྲགས་སམ་དོགས་པ་ཡོད་སྐོར་མ་གསུང་ནའང་བོད་མི་ཡོངས་ནས་དོགས་པ་ཡོད་ངེས་རེད་བསམ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག གང་ཡིན་ཞེ་ན། ཕྱིའི་རྒྱལ་ཁབ་ཁག་ལ་འགྲོ་མཁན་བོད་མིའི་གཞིས་ཆགས་ཡོད་སའི་ཉེ་འཁོར་རྒྱ་གར་ཡུལ་མི་ལས་བོད་མི་མང་བ་ཆགས་ཀྱི་ཡོད་པ་མ་ཟད། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཡོང་མཁན་ཡང་མང་བ་ཡོད་སྟབས། ཕྱི་ཟླ་ ༥ རྗེས་རྒྱ་གར་ནང་ཁུལ་གནམ་གྲུ་འཕུར་འགོ་བཙུགས་པ་ཡིན་ནའང་བོད་མི་རྣམས་ནས་གང་ཐུབ་དོགས་ཟོན་གནང་རོགས། ངེས་པར་དུ་ཕེབས་དགོས་ཀྱི་ཡོད་ན་མ་གཏོགས་ཕེབས་མི་དགོས་པ་གཙོ་འདོན་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག གལ་ཏེ་བོད་མིའི་གཞིས་ཆགས་གཅིག་གི་ནང་ཏོག་དབྱིབས་གཉན་རིམས་འཐོན་པ་ཡིན་ན། བོད་མིའི་གཞིས་ཆགས་ཡོངས་ལ་དོ་ཕོག་ཧ་ཅང་ཆེན་པོ་འགྲོ་གི་རེད། འདི་ངེས་པར་དུ་ཡིད་ལ་ཉར་རོགས་ཞུ་རྒྱུ་ཡིན།

ད་ལམ་བསྔགས་བརྗོད་ཞུ་འོས་པ་ཞིག་ལ་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་གིས་གཙོས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་། ལྷག་པར་ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པ་དང་། དགོན་སྡེ་ཁག་གི་མཁན་པོ་སོགས་ནས་འགན་ཁུར་བཞེས་ཏེ་ཉེ་འཁོར་གྱི་ཁྱིམ་མཚེས་རྒྱ་གར་ཡུལ་མི་དཀའ་ངལ་ཅན་དང་ཉམ་ཐག་རྣམས་ལ་བཟའ་འབྲུ་རིགས་རིན་མེད་བགོ་འགྲེམས་གནང་བ་མ་ཟད། རྒྱ་གར་གྱི་སྲིད་བློན་མཆོག་དང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སོ་སོའི་ངལ་སེལ་ཐེབས་རྩར་ཞལ་འདེབས་ཧ་ཅང་ཡག་པོ་གནང་གི་འདུག དེ་དག་ལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཡོངས་ནས་ཀྱང་རང་གི་ཉིན་གཅིག་གི་ཕོགས་དངུལ་འབུལ་རྒྱུ་ཡིན།

ད་རེས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་གཉན་རིམས་རྐྱེན་པས་ཛ་དྲག་གི་གནས་སྟངས་སྐབས་འདིར་གནས་ཡུལ་རྒྱལ་ཁབ་སོ་སོ་ནས་བོད་མི་རྣམས་ཀྱིས་ཕན་ཐོགས་བྱས་སོང་ཞེས་པའི་མིག་དཔེ་བཟང་པོ་སྟོན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ད་ལམ་ཞུ་རྒྱུ་སྔ་དྲགས་ཀྱི་འདུག་ཀྱང་རྒྱ་གར་དབུས་གཞུང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་ལ་བརྟེན་ནས་བོད་མི་མང་ཚོགས་ནས་འགན་ཁུར་བཞེས་སྟངས་དང་། ཕྱག་ལས་གནང་སྟངས། རོགས་པ་གནང་སྟངས་བཅས་ལ་བསྔགས་བརྗོད་གནང་གི་འདུག དེ་བཞིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས་གཙོས་འབྲེལ་ཡོད་མི་སྣས་འབྲེལ་བ་གནང་གི་འདུག ཀངྒ་ར་རྫོང་གི་རྫོང་དཔོན་མཆོག་གིས་བོད་མིའི་སྒྲིག་འཛུགས་ནས་འགན་བཞེས་ཏེ་ཕྱར་གྲུ་མཉམ་འདེགས་གནང་བར་བསྔགས་བརྗོད་གནང་གི་འདུག བསྔགས་བརྗོད་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་གིས་གསུང་དོན། 

རྒྱ་གར་དབུས་དང་མངའ་སྡེ་གཞུང་གིས་གཙོས་རྫོང་རིམ་པ་ཁག་ནས་མཐུན་འགྱུར་རོགས་རམ་དང་ལམ་སྟོན་གནང་བ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་དེ་ལྟར་གནང་བར་བརྟེན་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མི་ཚོས་ལག་བསྟར་གནང་སྟབས། ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་ནང་གི་བོད་མི་ཚོར་རྒྱ་ནག་ཝུ་ཧན་ནས་ཁྱབ་པའི་ཏོག་དབྱིབས་གཉན་རིམས་བྱུང་མེད། ཕྱི་ཟླ་ ༡ ཚེས་ ༢༤ ཉིན་ནས་འགོ་བཙུགས་ཏེ་ད་བར་འཕྲོད་བསྟེན་ལས་ཁུངས་དང་ནང་སྲིད་ལས་ཁུངས་ནས་ས་གནས་ཁག་གི་བོད་མི་ཚོར་ལམ་སྟོན་གནང་དང་གནང་མུས་རེད། ཕྱི་ཟླ་ ༣ ཚེས་ ༡༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་རྒྱ་ནག་ཝུ་ཧན་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་བཙུགས་ཐུབ་ཡོད། ཕྱི་ཟླ་ ༣ ཚེས་ ༣༡ ཉིན་བོད་མིའི་སྒྲིག་འཛུགས་ནས་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ཚོགས་ཆུང་ཞེས་ཟུར་དུ་བཙུགས་ཡོད།

ད་བར་ཚོགས་ཆུང་གིས་ཚོགས་འདུ་ཐེངས་ ༡༩ ཙམ་ཚོགས་ཏེ་ཏོག་དབྱིབས་གཉན་རིམས་སྔོན་འགོག་ཆེད་ལས་གཞི་རབ་དང་རིམ་པ་སྤེལ་དང་སྤེལ་མུས་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་ནང་སྲིད་དྲུང་ཆེ་ཚེ་དབང་སྒྲོལ་མ་ལགས་དང་། འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་བཅས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ནས་རྒྱ་ནག་ཝུ་ཧན་ནས་ཁྱབ་པའི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་གནང་ཕྱོགས་སྐོར་གསུངས་ཡོད་པ་བཅས། །