ཟླ་བ་ ༤ ཚེས ༦ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༦ རེས་གཟའ་ཟླ་བ། 

 

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༦ ཉིན་གྱི་ཕྱི་དྲོ་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་བརྒྱུད་ཏོག་དབྱིབས་གཉན་རིམས་དང་འབྲེལ་གསར་འགོད་གསལ་བསྒྲགས་སྤེལ་སྐབས་གསུང་དོན། ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཚང་མས་མཁྱེན་གསལ་རེད། རྒྱ་ནག་ཝུ་ཧན་ནས་བྱུང་བའི་ནད་ཡམས་འདི་འཛམ་གླིང་ཡོངས་ལ་ཁྱབ་སྟེ་ད་ལྟའི་ཆར་ཡུ་རོབ་དང་ཨ་རི་སོགས་ཀྱི་ནང་ཛ་དྲག་གི་རང་བཞིན་ཆགས་ཡོད། དེར་བརྟེན་ངས་གནད་དོན་བཞིའི་ཐོག་ཞུ་རྒྱུ་ཡིན། ནེའུ་ཡོག་དང་། རྒྱ་གར། ཕྱི་རྒྱལ་ནས་ཕེབས་པའི་བོད་རིགས་དགུང་ལོ་བགྲེས་གཞོན་སོགས་ཀྱི་གནས་སྟངས། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ལ་ངས་ཚིག་ཁ་ཤས་ཞུ་རྒྱུ་ཡིན།
ཨ་རི་ཡོངས་ལ་ནད་ཡམས་ཁྱབ་སྟེ་འདས་གྲོངས་སུ་གྱུར་པ་ཡང་ཡོང་གི་འདུག 
གོ་ཐོས་ལ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་ཛ་དྲག་ཤོས་ཆགས་ཡོད། བོད་མིའི་ཁྲོད་དུའང་ནད་ཡམས་དེ་ཁྱབ་ནས་བོད་མི་ཁ་ཤས་ལ་ནད་ཡམས་འགོས་ཡོད་པ་མ་ཟད་བོད་མི་གཅིག་འདས་གྲོངས་སུ་གྱུར་ཡོད་སྟབས། ཚང་མས་ཐུགས་སྨོན་གནང་རོགས། ནད་ཡམས་དེའི་རྐྱེན་པས་སྨན་ཞབས་པ་ ༡༦ ཟུར་བཀག་འོག་བཞུགས་ཡོད། ཚང་མས་ཁོང་རྣམ་པར་ཐུགས་སྨོན་གནང་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད།

སྨན་པ་དང་སྨན་ཞབས་པ་ཚང་མར་ཞུ་རྒྱུར། བོད་མིའི་སྨན་པ་དང་སྨན་ཞབས་པས་ཧ་ལས་པའི་འགན་ཁུར་ཆེན་པོ་བཞེས་གནང་གི་ཡོད་པ་རེད། ཆོས་ཕྱོགས་ནས་གསུང་པའི་བྱམས་སྙིང་རྗེ་ཟེར་བ་དེ་སྨན་པ་དང་སྨན་ཞབས་པ་ཚོས་ལག་བསྟར་གནང་ནས་འགོས་ནད་ལ་མ་འཛེམས་པར་སྨན་ཁང་ལ་ཕེབས་ཏེ་ནད་པར་ལྟ་རྟོག་གནང་བཞིན་པ་ནི་བསྔགས་བརྗོད་ཞུ་འོས་པ་རེད། སྨན་པ་དང་སྨན་ཞབས་པ་ཚོས་འགན་ཁུར་གནང་སྟེ་ཕྱག་ལས་གནང་བཞིན་པ་དེ་གཟི་བརྗིད་ཆེན་པོ་རེད། དེར་བརྟེན་ཨ་རི་དང་ཡུ་རོབ་སོགས་ཀྱི་ནང་ད་བར་བོད་མིའི་སྨན་པ་དང་སྨན་ཞབས་པ་རྣམ་པས་ས་གནས་སོ་སོའི་སྨན་ཁང་ལ་ཕེབས་ཏེ་ཉེན་ཁར་མ་འཛེམས་པར་ཧུར་ཐག་འབད་ཐག་གིས་ཞབས་ཞུ་སྒྲུབ་བཞིན་ཡོད་པས། ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་རྣམ་པ་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་བཞིན་བྱང་ཨ་རིས་གཙོས་བོད་རིགས་གནས་སྡོད་ཡོད་སར་བོད་རིགས་སྤྱི་མཐུན་ཚོགས་པས་འགན་ཁུར་ཧ་ལས་པ་གནང་གི་འདུག མུ་མཐུད་འགན་ཁུར་གནང་རོགས། བོད་མིའི་མི་འབོར་ཉུང་ཤས་མ་གཏོགས་མེད་སྟབས་བོད་མི་ནང་ཁུལ་ལ་གཅིག་ཕན་གཅིག་གྲོགས་གནང་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། དུས་རྟག་ཏུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ཚོ་མ་འདྲ་བ་ཞིག་ཡོད་ཅེས་བཀའ་སློབ་གནང་གི་ཡོད་པ་ལྟར། བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་རང་ལས་གཞན་གཅེས་འཛིན་གནང་སྟེ་ཧུར་ཐག་གནང་རོགས། སྨན་ཞབས་པ་དང་དང་བླངས་པ་ཚོར་སེམས་ཁམས་ཀྱི་ཐོག་ནས་སྐུ་ངལ་འཕྲད་པ་ཡིན་ན་བླ་མ་དང་དགེ་བཤེས་རྣམ་པའི་བཀའ་སློབ་ལམ་སྟོན་ཞུ་རོགས།

བོད་ཀྱི་བརྙན་འཕྲིན་ཚན་པས་བོད་ཀྱི་བླ་ཆེན་རྣམ་པ་ཚོར་རེ་འདུན་ཞུས་པ་ལྟར་བོད་ཀྱི་བརྙན་འཕྲིན་བརྒྱུད་སེམས་ཁམས་དང་འབྲེལ་བའི་བཀའ་སློབ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དགུང་ལོ་བགྲེས་སོང་རྣམ་པ་ཚོས་གསན་གཟིགས་གནང་རོགས། ཕ་མ་དང་དགུང་ལོ་བགྲེས་པ་རྣམས་ལ་བཀའ་མོལ་དང་འབྲེལ་བ་མང་ཙམ་གནང་རོགས། བླ་སྨན་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས་གསུངས་པ་ལྟར། བོད་ཀྱི་གསོ་རིག་སྔོན་འགོག་གི་སྨན་བཞུགས་སྒར་རྡ་ས་དང་ས་གནས་ཁག་ལ་བགོ་འགྲེམས་གནང་དང་གནང་བཞིན་ཡོད།  སྨན་དེ་དག་གིས་ལུས་པོ་ཐང་ཆད་པ་དང་། ལུས་ཟུངས་ནུས་པ་ཉམས་པ། གཉིད་མ་ཁུག་པའི་དཀའ་ངལ་སོགས་ལ་ཕན་གྱི་རེད། ཅེས་བླ་སྨན་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས་གསུངས་ཡོད།  

གཞན་ཡང་ཕྱི་རྒྱལ་མི་སེར་ལག་འཁྱེར་ཡོད་པའི་བོད་མི་རྒྱ་གར་ནང་ཡོད་པ་རྣམས་ཆུ་ཚོད་ ༤༨ ནང་ཚུད་མིང་ཐོ་འབུལ་དགོས་ཞེས་བཀའ་ཕེབས་པ་ལྟར། ཕལ་ཆེ་བ་འབྱོར་ཡོད་ས་རེད། དེ་དག་ལ་ཞུ་རྒྱུར། གལ་ཏེ་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ནད་རྟགས་རིགས་བྱུང་ཚེ་སྐབས་འཕྲལ་སྨན་ཁང་དུ་ཕེབས་ནས་བརྟག་དཔྱད་ངེས་པར་དུ་གནང་དགོས། དེ་བཞིན་མཐོང་མཆན་རྫོགས་ལ་ཉེ་བ་སོགས་ཡོད་ན། འབྲེལ་ཡོད་ས་གནས་འགོ་འཛིན་དང་གཞུང་ཚབ་ཁང་ལ་འབྲེལ་བ་གནང་རོགས།  

དེང་སྐབས་སློབ་མ་རྣམས་རང་ཁྱིམ་དུ་གནས་སྡོད་བྱེད་བཞིན་ཡོད་སྟབས། དུས་ཚོད་ཆུད་ཟོས་སུ་མི་འགྲོ་བའི་སླད་ཉིན་ལྟར་རང་སྦྱོང་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས།། 

Share with your friends










Submit