ཟླ་བ་ ༣ ཚེས ༢༣ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

༢༠༢༠ ཟླ་ ༣ ཚེས་ ༢༣ རེས་གཟའ་ཟླ་བ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྕམ་སྐུ་མཆོག ཨི་ཊ་ལིའི་རྒྱལ་ས་རོམ་དུ། ༢༠༡༤ ཟླ་ ༡༢ ཚེས་ ༡༤ ཉིན།

༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་གྲངས་ ༧༦ ཕེབས་པ་བྱང་ཕྱོགས་ཨ་ཡིར་ལེནྜིའི་ཞི་བའི་ལས་འགུལ་བ་དང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་བྷེ་ཊི་ཝིལ་ཡེམ་སི་ Betty Williams མཆོག་འདས་གྲོངས་སུ་གྱུར་བར་དམ་པ་ཁོང་གི་ཚ་བོར་ཐུགས་གསོ་མཛད་དོན།  ལྕམ་སྐུ་མཆོག་འདས་གྲོངས་སུ་གྱུར་བ་དེ་ནི་ང་ཚོར་གྲོགས་པོ་བློས་ཐུབ་ཅིག་མེད་པར་གྱུར་སྟབས་གསབ་ཏུ་མེད་པའི་གྱོང་གུན་ཞིག་ཕོག་པ་རེད།  དམ་པ་ཁོང་གིས་སྐུ་འཚོ་བཞུགས་རིང་རྩོད་རྙོག་རྣམས་འཚེ་བའི་ལས་ལམ་ནས་མིན་པར་འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད་ནས་སེལ་ཐབས་མཛད་ཡོད། འདས་པའི་ལོ་བསྟུད་མར་ང་ཚོ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྣམས་ཀྱིས་འཛམ་གླིང་ནང་གི་དཀའ་ངལ་དང་མི་མཐུན་པ་དེ་དག་འཚེ་མེད་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་སེལ་ཐབས་ཆེད་འབད་བརྩོན་བྱེད་མུས་ཡིན།  དམ་པ་ཁོང་ལ་མཚོན་ན་དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་ཆོད་སེམས་བརྟན་པོས་དཀའ་ངལ་རྣམས་ལ་གདོང་ལེན་གནང་མཁན་ཞིག་རེད།  ངོས་རང་དམ་པ་ཁོང་དང་མཇལ་བའི་དུས་སྐབས་དེ་དག་ཡིད་ལ་དྲན་སྐབས་སེམས་ནང་སྤྲོ་སྣང་འཕེལ་བཞིན་འདུག ལྕམ་སྐུ་མཆོག་གིས་སྤྱི་ཚོགས་དང་རྒྱལ་ཁབ་ཞི་བདེ་བརྟན་ལྷིང་ཆེད་ཐུགས་ཁུར་ཆེ་བཞེས་གནང་ཡོད།  དེར་བརྟེན་ང་ཚོས་དམ་པ་ཁོང་ལ་རྗེས་དྲན་མཆོག་ཏུ་གྱུར་བ་ནི་རང་ཉིད་ཞི་བདེ་ལྡན་པ་ཞིག་ཡོང་ཐབས་དང་། དེ་ནས་རང་གི་ཁྱིམ་ཚང་དང་སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཞིག་བཟོ་ཐབས་བྱ་རྒྱུ་དེ་རེད། ཅེས་འཁོད་འདུག །

 

 

 

 

Share with your friends










Submit