ཟླ་བ་ ༣ ཚེས ༡༩ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༩ རེས་གཟའ་ཕུར་བུ། 

༄༅། །འདི་གར་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྟ་མགྲིན་ཚེ་རིང་ལགས་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས ༡༥ ཉིན་ཨོ་སི་ཀྲོ་ལི་ཡའི་མེལ་བྷོན་ Calvary Health Care Bethlehem སྨན་ཁང་དུ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོ་བའི་གནས་ཚུལ་བྱུང་འདུག དམ་པ་དེ་ཉིད་ཀྱི་ལོ་རྒྱུས་མདོར་ཙམ་ཞུ་ན། རྟ་མགྲིན་ཚེ་རིང་ཡོངས་གྲངས་སུ་ཨ་ཁུ་ཧྲུའུ་ཅི་ལགས་ཨ་མདོ་རེབ་གོང་དུ་ཕྱི་ལོ་ ༡༩༤༦ ལོར་ཕ་བསོད་ནམས་དབང་རྒྱལ་དང་མ་སངས་རྒྱས་མཚོ་གཉིས་སུ་འཁྲུངས་པ་དང་། ཆུང་དུས་དམངས་བཙུགས་སློབ་གྲྭར་འགྲིམས་རྗེས་རང་ལོ་ ༡༧ སོན་སྐབས་མཚོ་སྔོན་མི་རིགས་སློབ་གྲྭར་ལོ་ལྔའི་རིང་སློབ་སྦྱོང་གནང་། དེ་རྗེས་མཚོ་སྔོན་གྱི་གྲོང་ཚོ་ཁག་ནང་ཁྱོན་ལོ་ངོ་བཅུ་གཉིས་ལྷག་ཧྲུའུ་ཅིའི་ཕྱག་ལས་གནང་པ་དང་།

ཕྱི་ལོ་ ༡༩༨༥ ལོར་ཞིབ་ས་ཤང་གྲོང་ཚོར་ཧྲུའུ་ཅི་གནང་རིང་རང་རེའི་སྐུ་ཚབ་ཚོགས་པ་ཐེངས་བཞི་པ་བོད་ནང་འབྱོར་སྐབས་རྒྱ་གཞུང་གིས་མ་ཆོག་པའི་དོན་ཚན་ལྔ་བཙན་བཀའ་བཏང་ཡོད་པ་དེར་མ་གསན་པར་ལས་གནས་སུ་ཡོད་བཞིན་དུ་རང་རེའི་སྐུ་ཚབ་ཚོགས་མི་རྣམ་པར་དགའ་བསུ་ཞུས་པ་དང། དེ་བཞིན་བོད་མི་རིགས་ཀྱི་རྩ་དོན་སླད་ལས་གུལ་རིམ་པར་སྤེལ་རྐྱེན་ཕྱི་ལོ་ ༡༩༩༠ ཟླ་ ༡༡ ཚེས་ ༧ ཉིན་བཙན་བྱོལ་དུ་མ་ཡོང་དཀའ་མེད་བྱུང་། བཙན་བྱོལ་ནང་བཞུགས་རིང་ཕྱི་ལོ་ ༢༠༠༠ ཟླ་ ༧ ཚེས་ ༡ ཉིན་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་སུ་དྲུང་གཞོན་གནས་རིམ་དུ་བསྐོ་གཞག་གིས་ཕྱག་ལས་གནང་རྗེས་ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༣༠ ཉིན་བགྲེས་ཡོལ་དུ་ཕེབས། ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཨོ་སི་ཀྲོ་ལི་ཡའི་གཞི་སྤོས་ལས་གཞིའི་ཁོངས་ཨོ་སི་ཀྲོ་ལི་ཡར་གཞིས་བསྐྱོད་གནང་འདུག། འདི་ལས་ནས་དམ་པ་དེ་ཉིད་ཀྱི་གཞི་ལུས་ནང་མི་དང་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱིས་ཐུགས་གསོ་ཞུ་རྒྱུ་བཅས། བདེ་སྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༨ ལ་ཕུལ།།

Share with your friends










Submit