གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༠ རེས་གཟའ་མིག་དམར།

༄༅། །དེ་རིང་ནི་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་རིགས་སེར་སྐྱ་ཕོ་མོ་རྒན་གཞོན་ཁྲི་ཕྲག་བརྒལ་བས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་དང་། བོད་མིར་མི་སྤྱོད་ལས་འདས་པའི་དྲག་གནོན་བྱས་པ་ལ་ཞི་བའི་སྒེར་ལངས་བྱས་ཏེ་མི་ལོ་ ༦༡ འཁོར་བའི་དུས་དྲན་གྱི་ཉིན་མོ་དེ་ཡིན་ཞིང། ༸གོང་ས་མཆོག་གི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ནང་། ངས་བོད་མིའི་འགོ་འཁྲིད་ཡུད་ཙམ་བྱས་པའི་རིང་སྔ་དྲོ་དེའི་གནས་ཚུལ་ལྟ་བུ་བྱུང་མ་མྱོང༌། ཕྲན་ནི་འབར་ལ་ཁད་པའི་མེ་རི་གཉིས་ཀྱི་བར་ན་གནས་པ་ལྟ་བུར་གྱུར་ཅིང༌། ཕྱོགས་གཅིག་ན་རྒྱ་མིའི་གཞུང་ལ་ངོ་རྒོལ་སྒོ་ཀུན་ནས་བྱེད་པའི་མི་མང་གི་སྐད་སྒྲ་ཞིག་ཡོད་པ་དང༌། ཕྱོགས་གཅིག་ན་མཚོན་ཆའི་དཔུང་སྟོབས་ཆེ་བའི་རྒྱ་མིའི་དམག་དཔུང་རྣམས་ཡོད། ཅེས་ཉིན་དེའི་ཛ་དྲག་ཆེ་བའི་གནས་སྟངས་དེ་ཉིད་འགྲེལ་བརྗོད་གནང་ཡོད། 

དུས་དེ་ནས་བཟུང་ད་བར་རྒྱ་གཞུང་གིས་བཙན་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ཇི་ཙམ་སྤེལ་ཡང་གཞིས་བཞུགས་བོད་མི་ཚོའི་སྙིང་སྟོབས་དང་། ཆོད་སེམས་བརྟན་པོའི་ཐོག་ལོ་རབས་བརྒྱད་ཅུའི་སྨད་དང་། ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ། ༢༠༠༩ ནས་རང་ལུས་མེར་སྲེག་གཙོ་བོར་གྱུར་པའི་ཞི་བའི་ལས་འགུལ་ཆེ་ཆུང་སྣ་ཚོགས་མུ་མཐུད་སྤེལ་ཏེ། བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པའི་སླད་དུ་རྩ་ཆེའི་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་སྙིང་སྟོབས་དང་ཆོད་སེམས་ལ་ཡི་རང་བསྔགས་བརྗོད་ཞུ་རྒྱུ་མ་ཟད། འདས་གྲོངས་སུ་གྱུར་པའི་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་ཞུ་རྒྱུ་ཡིན།

རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་སྨྲ་བརྗོད་རང་དབང་དང་། ཆོས་དད་རང་དབང་སོགས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཚད་ལས་བརྒལ་བ་བཏང་ཡོད་པའི་ཁར། བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་དང་ཡི་གེ ཆོས་དང་རིག་གཞུང་། མི་རིགས་བཅས་ཀྱི་ངོ་བོ་རྩ་མེད་བཟོ་རྒྱུའི་ངན་བྱུས་རིམ་པ་བརྩམས་དང་རྩོམ་བཞིན་པ་མ་ཟད། བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་སླད་དུ་ཞི་བའི་ལས་འགུལ་སྤེལ་མཁན་རྣམས་འཛིན་བཟུང་དང་། བཀག་ཉར། མནར་གཅོད་གཏོང་རྒྱུ་སོགས་ལོ་རེ་ནས་ལོ་རེར་མང་དུ་འགྲོ་བཞིན་ཡོད།

ཕྱི་ལོ་ ༢༠༡༩ ལོར་མཚོན་ན། ཟླ་ ༣ ནང་རྒྱ་གཞུང་གི་ཉེན་རྟོག་པས་རང་ལོ་ ༤༥ སོན་པའི་དབང་ཕྱུག་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་སོགས་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཝི་ཅེཌ་སྟེང་སྤེལ་བའི་རྐྱེན་གྱིས་ལྷ་ས་ནས་ཕ་ཡུལ་ལ་ཕྱིར་ལོག་བྱེད་སྐབས་གཞིས་ཀ་རྩེ་ནས་བཀག་ཉར་བྱས་ཡོད་པ་དང་། ཟླ་ ༨ པ་བར་དུ་ཡ་ཆེན་སྒར་གྱི་གྲྭ་བཙུན་ ༧༡༠༠ ཕྱིར་འབུད་བཏང་ཡོད་པ་མ་ཟད། ཡ་ཆེན་སྒར་ཕྱེད་ཀ་གཏོར་བཤིག་བཏང་ཚར་ཡོད།

དེ་བཞིན་ཟླ་ ༩ ཚེས་ ༡༩ ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་བསོད་ནམས་དཔལ་ལྡན་ལགས་དགོན་པའི་ནང་ནས་བཙན་ཁྲིད་བྱས་པ་དང་། ཟླ་ ༡༡ ནང་སེར་ཤུལ་རྫ་དབོན་པོའི་ཕྱོགས་སུ་རྒྱ་ནག་གཞུང་གི་སྲིད་བྱུས་ལ་མི་འདོད་པའི་སྐད་འབོད་བྱས་པ་དང་། ཕྱི་ཕྱོགས་ལ་འབྲེལ་བ་ཡོད་ཚུལ་སོགས་ལ་བསྙད་དེ་བོད་མི་ཀུན་གསལ་དང་། ཉི་མ། ཡོན་ཏན། ཆོས་རྒྱལ་སོགས་སེར་སྐྱ་ ༣༠ ལྷག་འཛིན་བཟུང་བྱས་ཡོད། གཞན་ཡང་བོད་རིགས་ལས་བྱེད་རྒས་ཡོལ་ཕྱིན་པ་རྣམས་ཆོས་ཕྱོགས་ཀྱི་བྱ་བ་གང་ལ་ཡང་ཞུགས་མི་ཆོག་པའི་བཀའ་རྒྱ་བཏང་སྟེ་བཀག་སྡོམ་བྱེད་བཞིན་ཡོད།

ལྷག་པར་དུ་ཕྱི་ལོ་ ༢༠༠༩ ནས་ ༢༠༡༩ ཟླ་ ༡༡ ཚེས་ ༢༦ ཉིན་མདོ་སྨད་རྔ་པ་རྨེའུ་རུ་མ་ཡུལ་ཚོའི་ཡོན་ཏན་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བའི་བར་བོད་ནང་བོད་མི་ ༡༥༤ ཡིས་རང་ལུས་མེར་སྲེག་བཏང་སྟེ། རྒྱ་ནག་གི་སྲིད་བྱུས་ལ་ཞི་རྒོལ་གནང་ཡོད་ཅིང་། ཕལ་ཆེ་བས་བོད་ལ་རང་དབང་དགོས་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་བོད་མིའི་མངོན་འདོད་བསྒྲགས་ཡོད།

དེ་མིན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ལས་ཁུངས་ཟེར་བས་ ༢༠༡༩ ལོའི་སྟོན་ཁ་ནས་མགོ་ལོག་དམའ་རིམ་དང་འབྲིང་རིམ་སློབ་གྲྭའི་ནང་བོད་ཀྱི་སྐད་ཡིག་ཙམ་མ་གཏོགས་སློབ་ཚན་གཞན་གྱི་སློབ་ཁྲིད་བརྒྱུད་ལམ་རྒྱ་སྐད་བེད་སྤྱོད་གཏོང་དགོས་པའི་བཀོད་ཁྱབ་བཏང་ཡོད། དེ་བཞིན་སྔ་ལོ་ནས་ནང་ཆེན་ཕྱོགས་སུ་དགོན་སྡེ་ཁག་གིས་སློབ་གྲྭའི་གུང་སེང་དང་བསྟུན་ནས་བོད་ཀྱི་སྐད་ཡིག་ཟུར་ཁྲིད་གནང་བ་ཁག་ལ་བོད་པའི་སློབ་ཕྲུག་རྣམས་འགྲོ་མི་ཆོག་པའི་དམ་བསྒྲགས་བྱས་པ་ནི། རྒྱ་ནག་གི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་ཀྱི་འབྲུ་དོན་དང་འགལ་ཡོད།

ཡང་ཟླ་འདིའི་ཚེས་ ༤ ཉིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བོད་ནང་སྔོན་འགྲོའི་འཛིན་གྲྭ་ནས་རྒྱ་ཡིག་ངེས་པར་དུ་བསླབ་དགོས་པའི་བཙན་བཀའ་བཏང་ཡོད་པ་ནི་སྲིད་དོན་དགོས་མཁོ་ཁོ་ནར་དམིགས་ནས་སྐད་གཉིས་སློབ་གསོ་ལག་བསྟར་བྱས་པ་ཞིག་ཡིན་པ་དང་། དེས་སློབ་ཁྲིད་བརྒྱུད་ལམ་བོད་ཀྱི་སྐད་ཡིག་ལ་ཉེན་ཁ་འཕྲད་ངེས་ཡིན་པར་གསལ་འདོན་བྱས་ཡོད། ང་ཚོའི་ངོས་ནས་རྒྱ་ནག་གི་རྩ་ཁྲིམས་ནང་མི་རིགས་ཚང་མར་རང་ཉིད་ཀྱི་སྐད་དང་ཡི་གེ་སྦྱོང་སྤྱོད་སྤེལ་གསུམ་བྱེད་རྒྱུའི་རང་དབང་སྤྲད་ཡོད་པ་མ་ཟད། མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་ཀྱི་དོན་ཚན་ ༣༦ པའི་ནང་སློབ་ཁྲིད་བྱེད་པའི་སྐད་རིགས་སོགས་གཏན་འབེབས་བྱེད་རྒྱུའི་དབང་ཆ་འཁོད་པ་བཞིན། བོད་ནང་སློབ་ཁྲིད་བརྒྱུད་ལམ་བོད་ཡིག་བེད་སྤྱོད་བྱེད་རྒྱུའི་རང་དབང་དང་ཐོབ་ཐང་སྤྲོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།

གཞན་ཡང་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་རྩོད་ལེན་བྱས་པར་བཀག་ཉར་དང་བཙོན་འཇུག་བྱས་ནས་ལོ་བཞི་འཁོར་བའི་ཉིན་ཏེ། འདི་ལོའི་ཟླ་ ༡ ཚེས་ ༢༦ ཉིན་རྒྱལ་སྤྱིའི་རྩོམ་པ་པོ་དང་སྐད་བརྡ་རིག་པ་བའི་ཚོགས་སྒེར་བསྡོམས་སྟོང་ཕྲག་ཡས་མས་ཀྱིས་རྒྱ་ནག་གི་འགོ་འཁྲིད་ཞི་ཅིན་ཕིང་ལ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པའི་སྐད་ཡིག་ཐོབ་ཐང་ཁོ་ན་རྩོད་ལེན་བྱས་པ་ཡིན་པས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་ཡོངས་གྲགས་ཞུ་ཡིག་ཅིག་པེན་ཨ་རིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲྭ་ཚིགས་བརྒྱུད་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

གོང་དུ་སྔ་ལོ་དང་འདི་ལོའི་འགོ་སྟོད་དུ་བོད་ནང་བྱུང་བའི་གནས་ཚུལ་འགའ་ཤས་དཔེ་མཚོན་དུ་བཀོད་པ་དེ་དག་གིས་རྒྱ་དམར་གཞུང་གིས་བོད་ནང་རང་དབང་ཇི་ཙམ་སྤྲད་ཡོད་མེད་གསལ་པོ་རྟོགས་ཐུབ་ལ། རྒྱ་གཞུང་གིས་དྲག་ཤུགས་ཇི་ཙམ་བྱས་ཀྱང་བོད་མིའི་འབོད་སྒྲ་འགོག་མི་ཐུབ་པའི་ཐོག བོད་མིའི་སྙིང་སྟོབས་དང་ཆོད་སེམས་ཇེ་བརྟན་དང་། རྩ་བའི་དམ་བཅའ་གཡོ་འགུལ་སྤུ་ཙམ་གཏོང་མི་ཐུབ་པའི་བརྡ་ལན་གསལ་པོ་སྤྲད་ཡོད།

རྒྱ་དམར་གཞུང་གིས་བོད་དོན་ཐོག་འཁྱོག་བཤད་ཇི་ཙམ་བྱས་མིན་ལ་མ་ལྟོས་པར། རྒྱལ་སྤྱིའི་སྙན་གྲགས་ཅན་གྱི་རང་དབང་ཁང་པའི་ ༢༠༢༠ ལོའི་སྙན་ཐོའི་ནང་བོད་ལ་ཆབ་སྲིད་དང་། སྤྱི་དམངས་ཐོབ་ཐང་ཤིན་ཏུ་སྐྱོ་པོ་ཡོད་པའི་ཐོག ལོ་ལྔ་བསྟུད་མར་འཛམ་གླིང་ཁྱོན་ཡོངས་ནས་རང་དབང་གི་ཚད་དམའ་ཤོས་གཉིས་པ་ཡིན་པ་གསལ་པོ་བཀོད་ཡོད། དེ་བཞིན་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་ ༢༠༡༩ ལོའི་སྙན་ཐོའི་ནང་བོད་དང་རྒྱ་ནག་ནང་གསར་འགོད་རང་དབང་མེད་པའི་ཁར་གནས་སྟངས་སྔར་ལས་ཇེ་ཞན་དུ་ཕྱིན་ཡོད་པ་བཀོད་ཡོད་ལ། འདི་ལོའི་ཟླ་ ༡ ནང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྙན་ཐོའི་ནང་བོད་དང་། ཤིན་ཅང་། ཧོང་ཀོང་བཅས་སུ་འགྲོ་བ་མིའི་ཐོབ་ཐང་ཡ་ང་པོ་ཡོད་པའི་སྐྱོན་བརྗོད་བྱས་ཡོད།

རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་ནས་ལོ་ ༦༡ རིང་མནར་གཅོད་བཏང་བའི་ནོར་འཁྲུལ་ཡོ་བསྲང་བྱེད་རྒྱུའི་ཚབ་ཏུ་བོད་མིའི་ཐོག་ད་དུང་དམ་བསྒྲགས་ཇེ་ཆེར་གཏོང་ཆེད། སྔ་ལོའི་ཟླ་ ༡༡ ཚེས་ ༢༠ ཉིན་རྒྱལ་ཁབ་ཆོས་ལུགས་ལས་དོན་ལས་ཁུངས་ཀྱིས། བཀའ་རྒྱ་ཨང་ ༡༣ པ་ཆོས་ལུགས་ཚོགས་པ་དོ་དམ་བྱ་ཐབས་ཟེར་བ་གཏན་འབེབས་བྱས་ཏེ། ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་རྒྱུ་དང་། ཆོས་དད་རང་དབང་ཐོག་སྔར་ལས་དམ་བསྒྲགས་ཆེ་བ་བྱ་རྒྱུ་ཡིན་ངེས།

ཡང་འདི་ལོ་ཟླ་ ༡ ཚེས་ ༡༡ ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག་ཟེར་བ་གཏན་འབེབས་བྱས་པའི་ནང་། བོད་འདི་སྔ་མོ་ནས་རྒྱ་ནག་གི་ཁ་འབྲལ་དུ་མི་རུང་བ་དང་། བོད་ཀྱི་རིག་གནས་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན། ཞེས་ལོ་རྒྱུས་ལ་འཁྱོག་བཤད་བྱས་ཡོད། ཡིག་ཆ་དེས་རྒྱལ་ཁབ་ཀྱི་སྤྱི་སྐད་སློབ་གསོ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་དགོས་ཞེས་བོད་ཀྱི་ས་ཁུལ་དུ་རྒྱའི་སྐད་ཡིག་ཁྱབ་གདལ་གཏོང་རྒྱུ་དང་། བོད་རིགས་རྒྱ་རིགས་སུ་བསྒྱུར་རྒྱུ་ཡིན་པ་མ་ཟད། མི་རིགས་དབར་གཉེན་སྒྲིག་བྱེད་རྒྱུར་སྲིད་བྱུས་གཏན་འབེབས་བྱས་ཡོད་པས། དོན་དུ་མི་རིགས་མཐུན་སྒྲིལ་ལ་ཁ་གཡར་ནས་གནད་དོན་གང་དང་གང་ཡིན་ཡང་ཉེས་ཆད་ཕོག་སྲིད་པ་དང་། བོད་མིར་དམ་བསྒྲགས་སྔར་ལས་ཆེ་རུ་གཏོང་རྒྱུ་ཡིན་པའི་དམིགས་འབེན་བཟུང་ཡོད་པ་རྟོགས་ཐུབ། དེར་བརྟེན་རང་རིགས་ཚང་མས་དེ་ལྟ་བུའི་ཡིག་ཆར་སྒོ་ཀུན་ནས་དོགས་ཟོན་བྱེད་གལ་ཆེ།

གལ་ཏེ་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་གསལ་ཐབས་སུ་ལྷག་བསམ་རྣམ་དག་གིས་ལས་དོན་སྒྲུབ་ཀྱི་ཡོད་ཚེ། གཉིས་སྨན་དབུ་མའི་ལམ་བརྒྱུད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་སྤྲོད་དགོས། དེ་ལྟར་བྱུང་ན། སྤྱི་ཚོགས་བརྟན་ལྷིང་དང་། མཐུན་འབྲེལ། འདྲ་མཉམ་སོགས་ངང་གིས་འགྲུབ་ཐུབ། དེས་ན། རྒྱ་གཞུང་གི་ངོས་ནས་བོད་ཀྱི་དཀའ་རྙོག་སེལ་རྒྱུར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་འཕྲལ་དུ་འབྲེལ་མོལ་འགོ་འཛུགས་བྱེད་དགོས།

དེ་བཞིན་ལོ་ངོ་ཉི་ཤུ་རྩ་ལྔ་གར་སོང་ཆ་མེད་དུ་གྱུར་པའི་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་། ནང་མི་ལྷན་རྒྱས། བྱ་བྲལ་རིན་པོ་ཆེ་མཆོག་གི་གནས་སྟངས་ཇི་ཡིན་གསལ་པོ་བཟོ་དགོས་པ་མ་ཟད། བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་རྒྱ་ནག་གི་ཁྲིམས་དང་མཐུན་པའི་རང་དབང་རྩོད་མཁན་བོད་རིགས་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་བཀྲོལ་གཏོང་དགོས།    

འདི་ལོའི་ཟླ་ ༡ ནང་གནས་ཚུལ་ཐོན་གསལ་བཞིན་སྔ་ལོ་རྒྱ་ནག་གི་སྲིད་འཛིན་བལ་ཡུལ་དུ་འཚམས་གཟིགས་ཕེབས་སྐབས་ཕྱི་སྲིད་བློན་ཆེན་གཉིས་དབར་བོད་མིར་དམིགས་ནས་བཀག་ཉར་དང་རྩིས་སྤྲོད་བྱེད་རྒྱུ་སོགས་འཁོད་པའི་གསང་བའི་གྲོས་མཐུན་བཞག་པ་དང་། འདི་ལོའི་ཟླ་ ༡ ནང་རྒྱ་ནག་དང་འབར་མའི་དབུ་འཁྲིད་གཉིས་ཀྱི་དབར་བོད་དང་། ཤིན་ཅང་། ཐའེ་ཝན་བཅས་ནི་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པའི་གྲོས་མཐུན་བཞག་པ་བཅས་ནི། རྒྱ་ནག་གཞུང་གིས་སོ་སོའི་ཆབ་སྲིད་དགོས་མཁོ་བསྒྲུབ་རྒྱུར་དཔལ་འབྱོར་གྱི་གནོན་ཤུགས་སྤྲད་པ་གསལ་པོ་རེད།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་མི་ཤེལ་བྷ་ཤེ་ལེཊ་ཧེ་རི་ཡ་མཆོག་ཤིན་ཅང་ལ་ཕེབས་གཏན་འཁེལ་བ་བཞིན། དེའི་སྐབས་སུ་བོད་ལའང་ངེས་པར་དུ་ཕེབས་ནས་དངོས་ཡོད་གནས་སྟངས་ལ་ཞིབ་འཇུག་ཡོང་བའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།

ཕྱི་ལོ་ ༢༠༡༩ ཟླ་ ༡༠ དང་ ༡༡ ནང་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ་དང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ། བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པ་བཅས་རིམ་གྱིས་འཚོགས་ཡོད་པ་མ་ཟད། ཚོགས་ཆེན་དེ་དག་ཏུ་༸རྒྱལ་བའིི་ཡང་སྲིད་ཕེབས་ཕྱོགས་ཀྱི་ཐུགས་ཐག་གཅོད་རྒྱུའི་སྐུ་དབང་ཡོངས་རྫོགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཉིད་གཅིག་པུར་ཡོད་པ་དང་། ༸གོང་ས་ཏཱ་ལའི་བླ་མའི་སྐུ་ཕྲེང་ལམ་ལུགས་སྔར་སྲོལ་བཞིན་རྒྱུན་སྐྱོང་ངེས་པར་དུ་དགོས་པ་ལས། རྒྱ་ནག་གཞུང་གི་སྲིད་དོན་དགོས་མཁོ་ལ་དམིགས་ནས་ཡང་སྤྲུལ་ངོས་འཛིན་གྱི་བྱུས་ངན་ལ་ངོས་ལེན་མེད་པའི་གྲོས་ཆོད་རིམ་པ་བཞག་ཡོད།  ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་ཆེས་མཐོའི་སྐུ་ཚབ་སེ་མུལ་ཌི་སྦོ་རོན་བེཀ་མཆོག་གིས་ཀྱང་དམིགས་བསལ་ཚོགས་ཆེན་གསུམ་པའི་གྲོས་ཆོད་ལ་ཨ་རིའི་གཞུང་ནས་རྒྱབ་སྐྱོར་ཡོད་གསུངས་པ་དེས་ཨ་རིའི་གཞུང་ནས་རྒྱ་གཞུང་གིས་བཤད་པའི་ཡང་སྲིད་རྩད་གཅོད་ཐད་ལ་ངོས་ལེན་མེད་པ་གསལ་འདོན་གནང་ཡོད། ད་དུང་ཡང་སྲིད་གནད་དོན་ཐད་ལ་ནེ་ཌར་ལེནྜ་དང་། སྦེལ་ཇམ་གཞུང་ནས་ཀྱང་ལངས་ཕྱོགས་བརྟན་པོའི་རྒྱབ་སྐྱོར་གནང་ཡོད།

དེ་བཞིན་འདི་ལོའི་ཟླ་ ༡ ཚེས་ ༢༨ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་ཀྱི་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་ཚད་མཐོའི་མང་མོས་ཐོག་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཡོད་པས། དེ་རིང་གི་རྗེས་དྲན་དུས་ཚིགས་དང་བསྟུན་ནས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་དང་། གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་འཐུས་མི་སྐུ་ཞབས་ཇིམ་སེ་པེ་ཊི་རིག་མེག་གོ་ཝན་མཆོག གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་ཁི་རི་སི་ཊོ་ཕར་ཧེན་རི་སི་མིཐ་མཆོག་གིས་གཙོས་པའི་ཁྲིམས་འཆར་འདོན་མཁན་དང་རྒྱབ་སྐྱོར་གནང་མཁན་ཆབ་སྲིད་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འོག་མའི་འཐུས་མི་རྣམས་ལ་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་དེར་ཚད་མཐོའི་རྒྱབ་སྐྱོར་གནང་བའི་རེ་བ་དང་བཅས་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་མར་ཀོ་རུ་བི་ཡོ་མཆོག་དང་། མང་གཙོ་ཚོགས་པའི་འཐུས་མི་སྐུ་ཞབས་སྦེན་ཀར་ཌིན་མཆོག་གིས་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སྔ་ལོ་བོད་མིའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགུང་ཀེག་དངོས་གཞིའི་ལོར་སྐུའི་གསང་གསུམ་ལ་མི་མཐུན་པའི་འགལ་རྐྱེན་མི་ཡོང་བའི་སླད་དུ་བོད་མི་ཡོངས་ནས་ཞབས་རིམ་ཕོན་ཆེ་འབད་སྒྲུབ་ཞུས་ཡོད་པ་མ་ཟད། གཞུང་འབྲེལ་བརྟན་བཞུགས་སྐབས་སུ་༸མགོན་པོ་མཆོག་གིས་དགུང་ལོ་ ༡༡༠ ལྷག་བཞུགས་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་པར་དགའ་མགུ་ཡི་རང་ཇི་ཙམ་བྱུང་བ་ཚིག་གི་ལམ་ནས་ཞུ་མི་ཐུབ་ཀྱང་། ཕྱི་ལོ་ ༢༠༢༠ ལོ་འདི་ཉིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུ་དང་། དེའི་སླད་དུ་ཐུགས་བསྐྱེད་དམ་བཅའ་ཁག་དང་འབྲེལ་བའི་ལས་གཞི་ཁག་གཅིག་སྤེལ་རྒྱུ་ཡིན། དེ་དོན་བོད་མི་ཡོངས་ཀྱིས་རང་དོན་རང་གཅེས་ཀྱིས་རྒྱ་གང་ཆེ་བསྒྲུབ་གནང་ཡོང་བའི་སྐུལ་འདེབས་ཞུ་རྒྱུ་ཡིན།

འདས་ལོའི་ལོ་མཇུག་ནས་ཁྱབ་གདལ་འགྲོ་བཞིན་པའི་ཝུ་ཧན་ཏོག་དབྱིབས་རིམས་ནད་འདི་འཛམ་གླིང་ཁྱོན་ཡོངས་ལ་བློ་འཚབ་རང་བཞིན་ཆགས་ཡོད་པ་ལྟར། བོད་ལའང་རིམས་ནད་དེ་ཉིད་ཕོག་པའི་མི་གྲངས་བརྒྱ་སྐོར་ལས་མེད་པ་འཁོད་ཡོད་ཀྱང་། རྒྱ་ནག་གཞུང་གི་གནས་ཚུལ་ཕྱི་གསལ་ནང་གསལ་མེད་པའི་རྐྱེན་གྱིས་བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་ཐབས་བྲལ། ང་ཚོའི་ངོས་ནས་ནད་ཡམས་དེའི་རྐྱེན་གྱིས་འཆི་རྐྱེན་བྱུང་རིགས་ཡོངས་ལ་སྨོན་ལམ་དང་། ཤུལ་ལུས་ནང་མི་ལྟོས་བཅས་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་མ་ཟད། རིམས་ནད་དེ་ཉིད་རྒྱ་ཁྱབ་ཏུ་མི་འགྲོ་བའི་སྨོན་འདེབས་ཞུ་རྒྱུ་ཡིན།

དེ་རིང་གི་གོ་སྐབས་འདི་བརྒྱུད་བོད་མི་རྣམས་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་རྒྱ་གར་དབུས་སའི་གཞུང་མང་གཉིས་དང་། རྒྱལ་སྤྱིའི་ཁྱོན་ཡོངས་ལ་གནས་པའི་བོད་དང་བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་གཞུང་དང་དབུ་འཁྲིད། གྲོས་ཚོགས་དང་གྲོས་ཚོགས་ཀྱི་འཐུས་མི། ཚོགས་པ་དང་སྒེར་པ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བདེན་པའི་རྒྱབ་སྐྱོར་བ་རྣམས་ཀྱིས་ཇི་སྲིད་བོད་གཞིས་བྱེས་གཉིས་མཉམ་འཛོམས་མ་བྱུང་བར་དུ་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན། དེ་བཞིན་ཡུ་རོབ་མཐུན་ཚོགས་ནང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བ་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་སྤྱི་ཚོགས་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཡིན་པ་དང་། དེ་ལ་བརྟེན་ནས་གཞིས་བཞུགས་རྒྱ་ཆེ་མི་མང་གིས་རེ་བ་ཆེན་པོས་དཀའ་ངལ་ཁྱད་བསད་དང་སྙིང་སྟོབས་ཞུམ་པ་མེད་པར་རང་སྲོག་ཚུན་ཆད་བློས་བཏང་གིས་བོད་མི་རིགས་ཀྱི་ངོ་བོ་དང་ལ་རྒྱ་བརྟན་པོ་བཟུང་ཡོད་ལ། དེའི་དབང་གིས་ང་ཚོ་རང་དབང་ལུང་པར་ཡོད་པའི་བཙན་བྱོལ་བ་རྣམས་ཀྱི་སྙིང་སྟོབས་འཕེལ་གཞི་ཆགས་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་རང་ཡལ་དུ་འགྲོ་བའི་ངན་རྩིས་རྒྱག་གི་ཡོད་ན། དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད། ང་ཚོའི་ངོས་ནས་རྒྱ་ནག་གཞུང་ལ་བོད་མི་རིགས་ནམ་གནས་བར་དུ་བོད་ཀྱི་བདེན་དོན་འཐབ་རྩོད་མུ་མཐུད་གནས་རྒྱུ་ཡིན་པའི་བརྡ་ལན་གསལ་པོ་སྤྲོད་ཀྱི་ཡོད།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་ཆོལ་ཁ་གསུམ་གྱི་མི་མང་རྣམས་དམ་ཚིག་རྡོག་རྩ་ཆིག་སྒྲིལ་ཐོག་བོད་ཀྱི་བདེན་མཐའ་གསལ་ཐབས་དང་། གཞིས་བཞུགས་བོད་མིའི་རེ་བ་སྐོང་ཐབས་སུ་འབད་བརྩོན་མུ་མཐུད་ཞུ་བཞིན་ཡོད་ན། གཞིས་བཞུགས་བོད་མི་ཡོངས་ཀྱིས་ཐུགས་གཡེང་མེད་པའི་ཐོག་འཕྲལ་ཕུགས་རྒྱང་གསུམ་ལ་བསམ་གཞིག་གིས་ལས་དོན་བསྒྲུབ་གལ་དང་། རང་དབང་ཅན་གྱི་སྤྱི་ཚོགས་ནང་བཞུགས་པའི་བོད་མི་རྣམས་ཀྱིས་གཞན་གྱི་མགོ་སྐོར་འོག་མ་ཚུད་པར་སྤྱང་གྲུང་དང་ཡིད་གཟབ་ཀྱིས་བོད་སྤྱི་པའི་རྩ་དོན་འཐུས་ཤོར་མེད་པར་བསྒྲུབ་དགོས། འོན་ཀྱང་སྨྲ་བརྗོད་རང་དབང་ཁ་ལ་འཁྱེར་ནས་༸གོང་ས་མཆོག་ལ་གཞི་མེད་མཚན་སྨད་ཞུ་མཁན་དང་། སྤྱི་ཚོགས་དཀྲུགས་ཏེ་རྒྱ་དམར་གཞུང་གི་དགོས་འདུན་སྒྲུབ་མཁན། དོལ་རྒྱལ་རྗེས་འབྲང་པའི་ཐ་ཤལ་གྱི་ལས་ཀ་བརྩམས་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་གདོང་ལེན་བྱ་རྒྱུ་ཡིན་པ་མ་ཟད། མི་མང་ངོས་ནས་ཀྱང་དེ་ལྟར་བྱ་དགོས་པའི་རེ་སྐུལ་ནན་པོ་ཞུ་རྒྱུ་ཡིན།

 མཐའ་དོན། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། གཞིས་བྱེས་བོད་མི་མཉམ་འཛོམས་ཀྱི་སྐལ་བཟང་ཉི་མ་མགྱོགས་ནས་མྱུར་དུ་འཆར་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། སྲིད་སྐྱོང་གིས། བོད་རྒྱལ་ལོ་ ༢༡༤༧ ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༠ ལ་སྤེལ།། །།

Share with your friends










Submit