ཟླ་བ་ ༣ ཚེས ༡༩ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༩ རེས་གཟའ་ཕུར་བུ། 

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་། སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་ལགས། སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས། སྤྱི་འཐུས་དོན་གྲུབ་བཀྲ་ཤིས་ལགས་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས། ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༢ ནས་ ༡༢ བར་ཉིན་གྲངས་བཅུའི་རིང་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་ (Moscow) དང་། རྒྱལ་ས་རྙིང་པ་སཱན་ཕེ་ཊིར་སི་སྦག་ (Siant Petersburg) དེ་བཞིན་ཁཱལ་མུག་སྤྱི་མཐུན་རྒྱལ་ཁབ་ (kalmykia) བཅས་ས་གནས་ཁག་གསུམ་ནང་གྲོས་ཚོགས་འཐུས་མི་དང་། གནད་ཡོད་མི་སྣ་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་སོགས་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་རིམ་ཡོངས་སུ་ལེགས་གྲུབ་གནང་ཡོད།

དེ་ཡང་ཕྱི་ཟླ་ ༢ ཚེས་ ༢༩ ཉིན་གྱི་སྔ་དྲོར་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་ལགས་ལ་དྭགས་དང་། སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་རྒྱ་གར་ལྷོ་ཕྱོགས་བཅས་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་འབྱོར་གནང་ཡོད་པ་དང་། སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་། སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་ལགས་རྣམ་གཉིས་དེ་ཉིན་ཕྱི་དྲོར་བཞུགས་སྒར་རྡ་ས་ནས་འགྲུལ་སྐྱེལ་རླངས་འཁོར་བརྒྱུད་ཕྱི་ཟླ་ ༣ པའི་ཚེས་ ༡ ཉིན་གྱི་ཞོགས་པར་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་ཕེབས་འབྱོར་གྱིས་ཉིན་དེའི་སྔ་དྲོའི་ཆུ་ཚོད་ ༡༡།༠༠ སྟེང་སྤྱི་འཐུས་རྣམ་པ་བཀྲ་ཤིས་འཁྱིལ་མགྲོན་ཁང་དུ་ལྷན་འཛོམས་གནང་སྟེ། སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཚོགས་ཆུང་གི་ཚོགས་གཙོར་བསྐོ་བཞག་གནང་སྟེ་ཕྱོགས་བསྐྱོད་ལས་རིམ་སྐོར་ལ་གོ་བསྡུར་གནང་ཡོད་འདུག

ཕྱི་ཚེས་ ༢ ཉིན་གྱི་ཐོ་རངས་ལྡི་ལི་ནས་མཁའ་ལམ་བརྒྱུད་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་གནམ་ཐང་ལ་ཕེབས་འབྱོར་སྐབས། རུ་སོག་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ལས་བྱེད་ངག་དབང་ལགས་དང་། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཟླ་བ་ཚེ་རིང་ལགས། ཇོ་ནང་ཆོས་ཚོགས་ཀྱི་ཚོགས་གཙོ་ཡོན་ཏན་རྒྱ་མཚོ་ལགས། བོད་ལུགས་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་སྨན་པ་འཇིགས་མེད་ལགས་བཅས་ཀྱིས་ཕེབས་བསུ་ཞུས་ཡོད་འདུག

ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༦།༠༠ སྟེང་རྒྱལ་ས་མོ་སི་ཁོ་བོད་རིགས་སྤྱི་མཐུན་ཚོགས་པས་ཞལ་ལག་གོ་སྒྲིག་ཞུས་པའི་ཐོག དོན་གཅོད་ལས་བྱེད་དང་། རྒྱལ་ས་ཁུལ་གྱི་བོད་མི་རྣམས་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་དབུ་མའི་ལམ་གྱི་དགོས་དམིགས་ངོ་སྤྲོད་དང་འབྲེལ། བོད་མི་རྣམས་རྒྱལ་ཁབ་དང་གནས་བབ་གང་འདྲ་ཞིག་ཏུ་གནས་ཡོད་ཀྱང་གཙོ་བོ་༸གོང་ས་མཆོག་གི་བཀའ་དྲིན་དང་། གཞིས་ལུས་མི་མང་གི་རེ་བ་མ་བརྗེད་པར། རང་མགོ་གང་ཐོན་བྱས་ནས་མ་བཞུགས་པར་རང་ནུས་ཅི་ལྕོགས་ཀྱིས་སྤྱི་དོན་ལ་འགན་འཁུར་དགོས་པ་དང་། ད་ཆ་ཨུ་རུ་སུ་ཁུལ་གྱི་བོད་པ་རྣམས་ནང་ཁུལ་མཐུན་ལམ་དང་བོད་མིའི་སྒྲིག་འཛུགས་ལ་གུས་བརྩི་ཡོད་པ། ཨུ་རུ་སུའི་མི་མང་ལ་ཕན་ཐོགས་ཡོད་པའི་ཕྱག་ལས་གནང་གི་ཡོད་པར་བསྔགས་བརྗོད་ཞུ་བཞིན་ཡོད་ཀྱང་། མ་འོངས་པར་སྒེར་གྱི་ཁེ་ཕན་ཆེད་བོད་མི་སྤྱིར་མཚན་ཤས་འགྲོ་བ་དང་བོད་མིའི་རིག་གཞུང་ལ་དོ་ཕོག་འགྲོ་བའི་ལས་ཀའི་རིགས་དུས་ནམ་ཡང་གནང་མི་རུང་སྐོར་བཅས་གསུངས་འདུག་པ་དང་།

སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་ལག་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་དེ་རྒྱ་ནག་གཞུང་གི་ཡ་ལན་གཅིག་པོར་སྒུག་སྡོད་དགོས་པ་ཞིག་མིན་པར། བོད་གཞིས་བྱེས་གཉིས་ནང་བོད་པ་མི་རེ་ངོ་རེས་ཉིན་རེའི་འཚོ་བའི་ནང་དུའང་ཉམས་ལེན་བྱ་རྒྱུ་ཡོད་པ་ཞིག་ཡིན་པ་དང་། བོད་པའི་སྐད་ཡིག་རིག་གཞུང་དང་ཡུལ་གོམས་གཤིས་ལུགས་སོགས་ལ་བདག་གཅེས་བྱས་ན་དབུ་མའི་ལམ་གྱི་ལས་འགུལ་གལ་ཆེན་ཞིག་ཆགས་ཡོད་པ། དེ་བཞིན། བོད་པ་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཡོང་བར་ཐུན་མོང་གི་བརྩི་བཀུར་ཞུ་ས་ཞིག་དང་ཐུན་མོང་གི་སེམས་པ་འཇོག་ས་ཞིག་དགོས་སྟབས། བོད་མི་ཚང་མས་ཞལ་ཞེ་གཉིས་མེད་ཐོག་༸གོང་ས་མཆོག་གི་བཀའ་དགོངས་ཐོག་ཤར་སྐྱོད་དང་། སྐབས་འཕྲལ་ཙམ་མིན་པར་དུས་རྟག་ཏུ་བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་བློ་གཏད་བཅོལ་ན། རང་བཞིན་གྱིས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཡོང་སྐོར་བཅས་གསུངས་ཡོད་འདུག

ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༠༠ སྟེང་དོན་གཅོད་ལས་ཁུངས་ནང་། སྤྱི་འཐུས་རྣམ་པ་འབྲས་སྤུངས་སྒོ་མང་ཆོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ནཱ་ཏ་ཤ་ (Natasha Bezpalava) ལགས་དང་། ཡིད་བཞིན་འཁོར་ལོའི་ཆོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་རཝ་ཤན་ (Ravshan) ལགས། རྙིང་མའི་རྫ་དཔལ་སྤྲུལ་རིན་པོ་ཆེའི་ཆོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཨཱ་ལེག་རྫན་ཌིར་ (Alexander) ལགས། བླ་མ་བཟོད་པའི་ཆོས་ཚོགས་ (FPMT) ཞེས་པ་འཛུགས་གནང་མཁན་སྐུ་ཞབས་སར་གྷི་ (Serge) ལགས། བོད་སྐྱོབ་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ན་ཊ་ཤ་ཨི་ནོ་ཛིམ་ཙི་ཝ་ (Natasha Inozemtseva) ལགས་བཅས་མོ་སི་ཁོ་ཁུལ་གྱི་བོད་དོན་རྒྱབ་སྐྱོར་བ་དང་ཆོས་ཚོགས་ཁག་གི་སྐུ་ཚབ་བཅས་ལ་ཐུག་འཕྲད་གནང་སྟེ། བོད་ནང་གི་གནས་སྟངས་དང་༧གོང་ས་མཆོག་གི་དགོངས་གཞི་སོགས་ངོ་སྤྲོད་དང་དྲི་བ་དྲིས་ལན་གནང་ཡོད་པ་དང་། ཉིན་གུང་ཆུ་ཚོད་ ༡༢།༠༠ སྟེང་བོད་སྐྱོབ་ཚོགས་པ་ (Save Tibet Foundation) ཞེས་པའི་གསར་འགོད་པའི་བཅར་འདྲིར་ལན་འདེབས་ཞུས་ཏེ། དབུ་མའི་ལམ་གྱི་སྲིད་བྱུས་དང་བོད་མིའི་རང་ལུས་མེར་བསྲེགས། དེ་བཞིན། ༸གོང་ས་མཆོག་གི་ཐུགས་སྐྱེད་དམ་བཅའ་བཞི་སོགས་ངོ་སྤྲོད་གནང་ཡོད་འདུག

ཕྱི་དྲོའི་ཆུ་ཚོད་ ༦།༠༠ སྟེང་ཨུ་རུ་སུའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་སྤྱི་འཐུས་རྣམ་པར་ཞལ་ལག་གོ་སྒྲིག་ཞུས་བའི་ཐོག ཨུ་རུ་སུའི་མངའ་ཁོངས་ཁལ་མུག་ (kalmykia) སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་ཌུ་ཆི་ཝ་བྷ་ཊོར ་(Aduchiev Bator) མཆོག་དང་གྲོས་ཚོགས་འཐུས་མི་ལྕམ་སྐུ་མཱ་རེ་ནཱ་ (Marina )མཆོག ཐུ་ཝ་ (Tuva) སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་མཱེར་གྷེན་ (Mergen) མཆོག བྷུ་རི་ཡ་ཐི་ (Buryatia) སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨལ་ཌིར་ཌམ་ཌེ་ནོ་ཝ་ (Aldar Damdinov) མཆོག ཨལ་ཏཡཱ་ (Altai) སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་བྷཁུ་ཆི་ཁའོ་རོ་ཌོན་ (Bokuchkov Rodion Borisovich) མཆོག་དང་གྲོས་ཚོགས་འཐུས་མི་བྷི་ལི་ཀོ་ཝ་འེ་བཱེན་འེ་ཊུ་ལོ་ཊེ་ཆི་ (Belekov Ivan Ittulovich) མཆོག དེ་བཞིན། ལོ་རྒྱུས་མཁས་དབང་སྐུ་ཞབས་ཨེ་ཌོར་ཝ་བྷི་རོ་ཊའེ་ཡཱེང་གྷོ་བེ་ཆི་ (Eedorov Brontoi Yangovich) མཆོག་བཅས་དང་། གཞན་ལོ་རྒྱུས་མཁས་དབང་དང་བོད་དོན་རྒྱབ་སྐྱོར་བ་བཅས་འཛོམས་པའི་ཐོག སྤྱི་འཐུས་རྣམ་པས་བོད་དོན་ངོ་སྤྲོད་དང་། ཕྱག་རྟགས་དང་ཡིག་ཆ་འགྲེམ་སྤྲོད་བཅས་གནང་ཡོད་འདུག

སྐབས་དེར་ཨུ་རུ་སུའི་གྲོས་ཚོགས་འཐུས་མི་རེ་རེ་ཡིས་གཏམ་བཤད་གནང་སྟེ། བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ཨུ་རུ་སུར་ཕེབས་པར་དགའ་བསུ་དང་། ལོ་རྒྱུས་ཐོག་བོད་དང་ཨུ་རུ་སུའི་དབར་ཆོས་སྲིད་ཀྱི་འབྲེལ་བ་དམིགས་བསལ་བ་ཞིག་ཡོད་པ། དེ་བཞིན། ནང་བསྟན་ཆོས་ལུགས་དེ་ཨུ་རུ་སུའི་གཞུང་འབྲེལ་ངོས་འཛིན་ཡོད་པའི་ཆོས་ལུགས་ཆེ་གྲས་ཤིག་ཡིན་ཞིང་། ཨུ་རུ་སུའི་ནང་ཆོས་དེ་བོད་བརྒྱུད་ནང་བསྟན་ཡིན་པ། ཁཱལ་མུག་དང་། བྷོ་རི་ཡ་ཐི། ཐུ་ཝ་བཅས་ནི་ནང་པའི་ལུང་པ་ཡིན་ཞིང་། བོད་པའི་དགོན་སྡེ་དང་སློབ་གྲྭ་ཁག་གིས་ཨུ་རུ་སུ་ནས་ཕེབས་པའི་སློབ་གཉེར་བ་མང་པོར་མཐུན་འགྱུར་རོགས་རམ་གནང་གི་ཡོད་པར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་སྐོར་བཅས་གསུངས་ཡོད་པ་དང་། མཇུག་ཏུ་ཨལ་ཏཡཱ་(Altai)གྲོས་ཚོགས་འཐུས་མི་སྐུ་ཞབས་བྷོག་ཆཱི་ཁཱོབ་རཱོ་ཌོན་(Bokuchkov Rodion Borisovich)མཆོག་གིས། ཨལ་ཏཡཱ་ཟེར་བ་དེ་ཡུ་གུར་དང་སོག་པོ། ཀ་རྫིག་ཀི་སི་ཐན་དང་ཨུ་རུ་སུ་བཞི་ཡི་ས་མཚམས་སུ་གནས་ཡོད་པ་དང་། བོད་བརྒྱུད་ནང་བསྟན་དར་རྒྱས་ཕྱིན་ཡོད་པ་མ་ཟད་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་གུས་བརྩི་ཆེན་པོ་ཡོད་པའི་ལུང་པ་ཞིག་ཡིན་ཡང་། དེང་སྐབས་ཨུ་རུ་སུའི་ནང་པ་དང་ལྷག་པར་དུ་བོད་པ་ཚོས་ཨུ་རུ་སུའི་ནང་པའི་ལུང་པ་ཁག་བརྩི་སྐབས། ཁཱལ་མུག་དང་བྷོ་རི་ཐི། ཐུ་ཝ་གསུམ་ལས་ཨལ་ཏཡཱ་ནང་པའི་ལུང་པར་རྩི་ཡི་མེད་པ་དེར་མ་འོངས་པར་ཐུགས་སྣང་གནང་དགོས་སྐོར་བཅས་གསུངས་ཡོད་འདུག

ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོར་སྤྱི་འཐུས་རྣམ་པ་སྨན་པ་འཇིགས་མེད་ལགས་ཀྱི་བོད་ལུགས་འཕྲོད་བསྟེན་སྨན་ཁང་ལ་གཟིགས་བསྐོར་གནང་ཡོད་པ་དང་། ཉིན་རྒྱབ་ཆུ་ཚོད་ ༤།༣༥ སྟེང་དོན་གཅོད་ལས་ཁུངས་ཀྱི་ལས་བྱེད་ངག་དབང་ལགས་ཀྱི་ཕེབས་རོགས་འོག རྒྱལ་ས་མོ་སི་ཁོ་ནས་མཁའ་ལམ་བརྒྱུད་ཨུ་རུ་སུའི་རྒྱལ་ས་རྙིང་པ་སཱན་ཊི་ཕེ་ཊར་སི་སྦག་(Saint Petersburg)གནམ་ཐང་དུ་འབྱོར་སྐབས། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཨ་ལོ་ནཱ་བྷར་ཊ་ནོ་བཱ་(Alonabartanova)ལགས་དང་། ཚོགས་གཞོན་ལྕམ་སྐུ་སེ་སེག་(Seseg Dorzhieva)ལགས་བཅས་ཀྱིས་ཕེབས་བསུ་ཞུས་ཡོད་པ་དང་། ཕྱི་དྲོའི་ཆུ་ཚོད་ ༦།༣༠ སྟེང་ (Brain Games Intellectual Space) ཞེས་པའི་ཚོམས་ཆེན་དུ། བོད་དོན་རྒྱབ་སྐྱོར་བ་ ༣༠ ཙམ་འཛོམས་པའི་ཐོག་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས། ད་རེས་ཨུ་རུ་སུའི་ནང་བོད་མི་མང་སྤྱི་འཐུས་གཞུང་འབྲེལ་ཕྱོགས་བསྐྱོད་གནང་ཐེངས་གསུམ་པ་ཡིན་པ་དང་། དེའི་དགོས་དམིགས་གཙོ་བོ་ཨུ་རུ་སུའི་གྲོས་ཚོགས་འཐུས་མི་དང་གཞུང་འཛིན་མི་སྣ། བོད་དོན་རྒྱབ་སྐྱོར་བ་དང་གསར་འགོད་པ། ཤེས་ཡོན་ཅན་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་མི་སྣ་བཅས་ལ་ཐུག་འཕྲད་ཞུས་ཏེ།

བོད་དོན་སྤྱི་དང་བོད་མིའི་འཐབ་རྩོད་ཀྱི་ངོ་བོ་གསལ་བཤད། ཨུ་རུ་སུའི་ནང་པའི་ཡུལ་ལུང་ཁག་དང་མཉམ་དུ་ཆོས་དང་རིག་གཞུང་སྐད་ཡིག་བརྗེ་ལེན་གནང་ཕྱོགས། རྒྱ་ནག་གཞུང་གིས་འཛམ་གླིང་ཐོག་བོད་དོན་འགྲེལ་བཤད་རྒྱག་སྟངས་དེ་བདེན་པ་མིན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་པའི་ཐོག་ནས་བོད་མིར་རང་སྲིད་རང་སྐྱོང་རྩོད་ཀྱི་ཡོད་པ་ལས་རང་བཙན་རྩོད་ཀྱི་མེད་པ། དེ་བཞིན། ཨུ་རུ་སུའི་ནང་བོད་ཀྱི་ཆོས་དང་སྐད་ཡིག་རིག་གཞུང་བཅས་ལ་དོ་སྣང་དང་སློབ་གཉེར་གནང་མཁན་གང་འཚམ་ཡོང་གི་ཡོད་པར་བསྔགས་བརྗོད་དང་། དེས་བོད་སྤྱིའི་རྩ་དོན་ཐོག་ཤུགས་ནས་རྒྱབ་སྐྱོར་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྐོར་བཅས་གསུངས་གནང་ཡོད་པ་དང་།

སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་བཙན་འཛུལ་བྱས་པ་དང་བོད་ནང་གི་ད་ལྟའི་གནས་སྟངས་སྐོར་དང་། སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་ལགས་ཀྱིས་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ་དང་༧གོང་ས་མཆོག་གི་ཡང་སྲིད་སྐོར། སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་སྐོར་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད་འདུག

ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོར་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས། ཕྱི་ལོ་ ༡༩༡༣ ལོར་མཚན་ཞབས་ངག་དབང་རྡོ་རྗེ་ཡིབ་ཀྱིས་བཞེངས་པའི་ཤར་ཡུ་རོབ་ཀྱི་ནང་པའི་དགོན་པ་ཐོག་མ་དང་། སའི་གོ་ལའི་བྱང་མཐའི་ནང་པའི་དགོན་པ་གཅིག་པུ་༼ཀུན་བརྩེ་ཆོས་གནས་གྲྭ་ཚང་།༽ཞེས་པར་མཆོད་མཇལ་དུ་བསྐྱོད་དེ། དགོན་པའི་མཁན་པོ་བྱམས་པ་དོན་ཡོད་དང་ཕྱག་རོགས་བསམ་གཏན་རྣམ་གཉིས་ཀྱིས་ཕེབས་བསུ་ཞུས་ཡོད་པ་དང་། སྤྱི་འཐུས་རྣམ་པས་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་གླེགས་བམ་སྟོད་སྨད་བཞི་ཕུལ་ཏེ། ལོ་རྒྱུས་ཐོག་གི་བོད་དང་ཨུ་རུ་སུའི་འབྲེལ་བ་དང་ད་ལྟའི་བོད་དོན་སོགས་ངོ་སྤྲོད་གནང་ཡོད་ཅིང་། ཕྱི་དྲོའི་ཆུ་ཚོད་ ༣།༠༠ སྟེང་གྲོང་ཁྱེར་དེའི་ (Media Center) གསར་འགོད་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་བསྐྱངས་ཏེ། ཆུ་ཚོད་ ༢ ཙམ་རིང་གཏམ་བཤད་དང་དྲི་བ་དྲིས་ལན་ཡིག་ཆ་འགྲེམ་སྤེལ་སོགས་གནང་ཡོད་འདུག

ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༠༠ སྟེང་། ཨུ་རུ་སུའི་ཤར་ཕྱོགས་གཙུག་ལག་ཚན་རིག་བསྟི་གནས་ (Institute of Oriental Manuscrips Russian Academy of Sciences) ཞེས་པའི་བོད་ཡིག་དཔེ་མཛོད་ཁང་གི་འགན་འཛིན་སྐུ་ཞབས་ཨ་ལཱེག་རྫན་ཌར་ (Dr Alexander V. Zorin) མཆོག་ལ་ཐུག་འཕྲད་གནང་སྟེ། བོད་དོན་འཐབ་རྩོད་དང་༸གོང་ས་མཆོག་གི་དགོངས་གཞི་ངོ་སྤྲོད་གནང་ཡོད་པ་དང་། སྐུ་ཞབས་ཨ་ལཱེག་རྫན་ཌིར་མཆོག་གིས། དཔེ་མཛོད་ཁང་དེར་བོད་པའི་བཀའ་འགྱུར་དང་བསྟན་འགྱུར་གཙོས་པའི་དཔེ་རྙིང་མང་པོ་ཡོད་པ་མ་ཟད། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་དང་ཨུ་རུ་སུའི་གོང་མ་ཛཱར་གཉིས་པའི་སྐབས་ཀྱི་བོད་པའི་ཡིག་ཆ་དང་དཔེ་དེབ་མང་པོ་ཉར་ཚགས་བྱས་ཡོད་སྐོར་ངོ་སྤྲོད་དང་། སྤྱི་འཐུས་རྣམ་པར་དཔེ་མཛོད་ཁང་གིས་ལོ་མང་རིང་བསྡུ་སྒྲིག་གནང་བའི་དཀར་ཆག་གི་དཔེ་དེབ་ཅིག་གནང་ཡོད་འདུག

ཉིན་གུང་ཆུ་ཚོད་ ༡༢།༠༠ སྟེང་སཱན་ཊི་ཕེ་ཊར་སི་སྦག་གཙུག་ལག་སློབ་གྲྭའི་ཨེ་ཤི་ཡ་དང་ཨ་ཕི་རི་ཁ་ཞིབ་འཇུག་གླིང་(Saint-petersburg State University Faculty of Asian and African Studies) ཞེས་པའི་བོད་སོག་སྐད་ཡིག་འཛིན་གྲྭར་ཕེབས་ཏེ། སློབ་དཔོན་ཆེན་མོ་ཝ་ལ་ཌེ་མིར་ (Vladimir Uspenskiy) མཆོག་གིས་གཙོས་པའི་ལས་བྱེད་དང་སློབ་ཕྲུག་ཁག་ཅིག་ལ་བོད་དོན་དང་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ངོ་སྤྲོད་དང་། མི་གཞན་ལའང་གོ་རྟོགས་སྤེལ་དགོས་པའི་འབོད་སྐུལ། བོད་དང་རུ་སོག་ཤེས་ཡོན་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་དགོངས་ཚུལ་བརྗེ་རེས་བཅས་གནང་ཡོད་འདུག

ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོར་སཱན་ཊི་ཕེ་ཊར་སི་སྦག་གནམ་ཐང་ནས་མཁའ་ལམ་བརྒྱུད་ཕྱི་དྲོའི་ཆུ་ཚོད་ ༤།༠༠ ཙམ་ལ་ཁཱལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཨི་ལེ་སི་ཊ་ (Elista) གནམ་ཐང་དུ་ཕེབས་འབྱོར་གནང་སྐབས། ཁཱལ་མུག་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དགེ་བཤེས་འཇམ་དབྱངས་ལགས་དང་། ཁཱལ་མུག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཨཱན་ཏ་ནེ་ན་འེ་ཝ་ནོ་ན་ (Antanina Ivanovna) ལགས། ཁཱལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་མ་དགོན་དགེ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་གི་སྐུ་ཚབ་ངག་དབང་བློ་གྲོས་ལགས། པོ་ཏ་ལ་བོད་ཀྱི་རིག་གཞུང་ལྟེ་གནས་ཀྱི་འགན་འཛིན་བློ་བཟང་རྒྱ་མཚོ་ལགས་སོགས་བོད་དོན་རྒྱབ་སྐྱོར་བ་དང་ས་གནས་བོད་མི་བཅས་ཀྱིས་བོད་ཀྱི་རྒྱལ་དར་དང་མཇལ་དར་སོགས་བསྣམས་ཏེ་ཕེབས་བསུ་ཞུས་ཡོད་འདུག

ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༦།༠༠ སྟེང་བོད་དོན་རྒྱབ་སྐྱོར་ཚོགས་པས་ཞལ་ལག་གོ་སྒྲིག་ཞུས་པའི་ཐོག ཁཱལ་མུག་གྲོས་ཚོགས་འཐུས་མི་དང་ཁཱལ་མུག་གཙུག་ལག་སློབ་གྲྭ་ (Kalmyk State University) ཞེས་པའི་སློབ་སྤྱི་སྐུ་ཞབས་སཱལ་ལ་བཱ་བྷ་ཌི་མཱ་ (Salaev Badma Kanivovich) མཆོག་དང་། ཁཱལ་མུག་གྲོས་ཚོགས་འཐུས་མི་ལྕམ་སྐུ་མཱེན་ཊ་བཱ་ (Mantaeva Elza Ivanovna) མཆོག དེ་བཞིན། དགེ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་གི་མཁན་པོ་ཨན་ཇཱ་ (Anj) མཆོག་བཅས་ཕེབས་ཡོད་པ་དང་། སྐབས་དེར་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས། ཁཱལ་མུག་སྤྱི་མཐུན་རྒྱལ་ཁབ་ལོ་བརྒྱ་འཁོར་བའི་དུས་དྲན་ལ་མཚམས་འདྲི་དང་འབྲེལ་ཏེ། བོད་དོན་འཐབ་རྩོད་ཀྱི་དགོས་དམིགས་དང་། འཛམ་གླིང་སྤྱིའི་བདེ་རྩའི་ཆེད་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་མང་ཚོགས་ནས་རང་ནུས་གང་ལྕོགས་ཀྱིས་དོ་སྣང་དང་ལས་འགུལ་སྤེལ་གལ་ཆེ་བའི་འབོད་སྐུལ་ཞུས་ཡོད་འདུག

ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོར་ཁཱལ་མུག་གི་མ་དགོན་དགེ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་དུ་མཆོད་མཇལ་དང་། ཉིན་གུང་ཁཱལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤེས་རིག་དང་ཚན་རིག་བློན་ཆེན་སྐུ་ཞབས་མཱེན་ཊ་བཱ་ནེ་ཁོ་ལེཡ་ (Mantsaev Nikolai Garchevich) མཆོག་ལ་ཐུག་འཕྲད་གནང་སྟེ། བོད་དོན་ངོ་སྤྲོད་དང་མ་འོངས་པར་བོད་དང་ཁཱལ་མུག་དབར་ཆོས་སྲིད་སྐད་ཡིག་བཅས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་དགོངས་ཚུལ་བརྗེ་རེས་གནང་ཡོད་པ་དང་། བློན་ཆེན་མཆོག་གིས་ཁཱལ་མུག་གི་རིག་གཞུང་དང་ཁོར་ཡུག་མཚོན་པའི་ཕྱག་རྟགས་བཅས་གནང་ཡོད་འདུག དེ་རྗེས་དགོན་པའི་དཔེ་མཛོད་ཁང་དུ་བོད་དོན་རྒྱབ་སྐྱོར་བ་སྐྱེ་དངོས་རིག་པའི་མཁས་དབང་སྐུ་ཞབས་སཱ་ན་མ་ཤི་ཊི་ཁོབ་ (Sanal Mashtikov) མཆོག་ལ་ཐུག་འཕྲད་གནང་ཡོད་པ་དང་། ཉིན་རྒྱབ་ཁཱལ་མུག་འགྲེམ་སྟོན་ཁང་ (Kalmyk National  Museum) དུ་ཁཱལ་མུག་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ཀེན་རྫེ་བཱ་ཀེ་ཤི་ཊ་ (Kinzeeva Kishta Ivanovna) མཆོག་ལ་ཐུག་འཕྲད་གནང་སྟེ་གོང་བཞིན་བོད་དོན་ངོ་སྤྲོད་གནང་ཡོད་འདུག

ཕྱི་ཚེས་ ༩ ཉིན་ཁཱལ་མུག་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་ངོ་ ༡༠༠ འཁོར་བའི་དུས་དྲན་དང་། བོད་ཚེས་ ༡༥ སྟེ་བཅོ་ལྔ་མཆོད་པ་འཁེལ་ཡོད་སྟབས། ཉིན་དེའི་སྔ་དྲོར་ཁཱལ་མུག་རྒྱལ་ས་ཨི་ལེ་སི་ཊའི་ལྷོ་ངོས་སུ་ཡོད་པའི་ (Lonely Tree) ཞེས་པར་བསང་གསོལ་གཏོང་བར་ཕེབས་ཡོད་པ་དང་། ཉིན་གུང་བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་ཝ་ལིན་ཊི་ན་(Valintina)ལགས་དང་སྐུ་ཞབས་བྷར་ཌེ་ཆཱིབ་(Bardishiv Oleg)བཅས་ཀྱིས་གསོལ་ཚིགས་གོ་སྒྲིག་ཞུས་པའི་ཐོག ཁཱལ་མུག་གི་དམག་སྤྱི་ཟུར་པ་སྐུ་ཞབས་ནེ་ཁོ་ལ་བཱ་ཚེ་རི་ནོ་བེ་ཆཱི(Nikolava Tserinovich)མཆོག་གཙོས་པའི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་ལ་ཐུག་འཕྲད་གནང་སྟེ། གོང་གསལ་ལྟར་བོད་དོན་ངོ་སྤྲོད་དང་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་གནང་ཡོད་འདུག

ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༠༠ སྟེང་བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་ཨཱན་ཊ་ནེ་ན་མཆོག་གི་ལས་ཁུངས་ནང་གསར་འགོད་ལྷན་ཚོགས་བསྐྱངས་ཏེ། བོད་ནང་གི་གནས་སྟངས་དང་། ༸གོང་ས་མཆོག་གི་དགོངས་གཞི་ངོ་སྤྲོད་དང་དྲི་བ་དྲིས་ལན་བཅས་གནང་ཡོད་པ་དང་། ཆུ་ཚོད་ ༡༡།༢༠ སྟེང་ཁཱལ་མུག་མི་རིགས་སྲོལ་རྒྱུན་སློབ་གྲྭ་ (kalmic national gymnasium school) ཞེས་པར་ཕེབས་སྐབས། སློབ་གྲྭའི་སྒོ་འགྲམ་དུ་སློབ་སྤྱི་ལྕམ་སྐུ་ཆཱོན་ཁུ་ར་བཱབ་ཨེ་ཁ་ཊི་རེ་ནཱ་(chonkhuraeve Ekaterina nikolaevla) མཆོག་གིས་གཙོས་སློབ་ཕྲུག་བུ་མོ་ཚོས་སྲོལ་རྒྱུན་ཆས་གོས་མནབས་ཤིང་ཕྱག་ཏུ་ཁ་བཏགས་དང་འོ་ཇ་བསྣམས་ཏེ། ཁཱལ་མུག་གི་སྲོལ་རྒྱུན་གླུ་གཞས་གདངས་སུ་གྱེར་བཞིན་ཕེབས་བསུ་གཟབ་རྒྱས་ཞུས་གྲུབ་མཚམས། སློབ་གྲྭའི་འཛིན་ཁང་ཁག་ཏུ་ཁྲིད་དེ་ཁཱལ་མུག་གི་རིག་གཞུང་སློབ་ཁྲིད་གནང་ཕྱོགས་དང་། གྲོང་གསེབ་ནས་གདན་འདྲེན་ཞུས་པའི་སྤོ་པོ་རྨོ་མོ་ཚོས་སློབ་ཕྲུག་རྣམས་ལ་ཁཱལ་མུག་གི་དམངས་སྲོལ་རིག་གནས་སྦྱོང་བརྡར་གནང་སྟངས་སོགས་སྤྱན་འབུལ་ཞུས་ཡོད་པ་དང་། སློབ་གྲྭའི་བརྙན་པར་ཁང་གི་གསར་འགོད་པས་བོད་པའི་སྤྱི་འཐུས་རྣམ་པ་ཐེངས་འདིར་ཁཱལ་མུག་ཏུ་ཕེབས་དོན་དང་བོད་དོན་གནས་བབ། དེ་བཞིན། ཁཱལ་མུག་ནང་གི་མཐོང་ཚོར་བཅས་ཀྱི་སྐོར་ལ་བརྙན་ལེན་བཅར་འདྲི་ཞུས་ཡོད་འདུག དེ་རྗེས་སློབ་གྲྭའི་ཚོགས་ཁང་ཆེན་མོའི་ནང་གདན་འདྲེན་ཞུས་ཏེ་བོད་མི་མང་སྤྱི་འཐུས་རྣམ་པར་ཕེབས་བསུའི་མཛད་སྒོ་ཚོགས་ཏེ། སློབ་ཕྲུག་རྣམས་ཀྱིས་ཁཱལ་མུག་གི་གླུ་གཞས་དང་ཞབས་བྲོ་སྣ་ཚོགས་འཁྲབ་སྟོན་གནང་ཞིང་།

མཇུག་ཏུ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་སློབ་གྲྭའི་དགེ་ལས་ཡོངས་ལ་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ལས་དོན་ངོ་སྤྲོད་དང་། སློབ་གྲྭ་དེ་གར་ཁཱལ་མུག་གི་རིག་གཞུང་སློབ་ཁྲིད་གནང་གི་ཡོད་པར་བསྔགས་བརྗོད་བཅས་ཀྱི་གསུང་བཤད་གནང་ཡོད་པ་དང་། སློབ་གྲྭའི་སློབ་སྤྱི་མཆོག་གིས་སྤྱི་འཐུས་རྣམ་པར་ཁཱལ་མུག་གི་རིག་གཞུང་དང་རང་བྱུང་ཁོར་ཡུག་མཚོན་པའི་ཕྱག་རྟགས་བཅས་གནང་ཡོད་འདུ

ཉིན་གུང་ཆུ་ཚོད་ ༡།༠༠ སྟེང་ཁཱལ་མུག་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག ཁཱལ་མུག་རྒྱལ་སའི་ལས་ཁུངས་ཁག་གི་བསྟི་གནས་ཕོ་བྲང་དཀར་པོ་ཞེས་པའི་ཐང་དུ། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༡ པ་སྲུང་བརྩི་ཞུས་པའི་ཐོག་བཅར་ཏེ། བོད་མི་དང་ཁཱལ་མུག་མི་མང་བཅས་ཀྱིས་བོད་ཀྱི་རྒྱལ་གླུ་བཏང་རྗེས། ཚད་མེད་ཡོན་ཏན་དང་བྱང་ཆུབ་སེམས་མཆོག་སྐྱོར་བཞིན་སྟོན་པའི་སྐུ་བརྙན་ལ་སྐོར་བ་གནང་ཡོད་པ་དང་། རྒྱ་ནག་གཞུང་དང་ཨུ་རུ་སུའི་གཞུང་དབར་འབྲེལ་བ་དམ་པོ་ཡོད་པ་དང་། ཆབ་སྲིད་ཐོག་ཁཱལ་མུག་གཞུང་ལའང་གནོན་ཤུགས་ཆེན་པོ་སླེབས་བཞིན་ཡོད་པ་ལྟར། ཐེངས་འདིའི་བོད་མིའི་གསུམ་བཅུའི་དུས་དྲན་ལའང་གཞུང་གི་ཉེན་རྟོག་པ་དང་གསང་བའི་ལས་ཁུངས་ཀྱི་མི་སྣ་མང་པོ་ཡོང་སྟེ། བོད་ཀྱི་རྒྱལ་དར་འཕྱར་མཁན་དང་ཡིག་ཆ་འགྲེམ་མཁན་སོགས་ལ་དམ་དྲག་ཆེན་པོ་བྱས་ཡོད་པ་མ་ཟད་སྤྱི་འཐུས་རྣམ་པའི་ཕྱག་འཁྱེར་ལའང་ཞིབ་བཤེར་བྱས་ཡོད་པ་དང་། ཉིན་གུང་ཆུ་ཚོད་ ༢ སྟེང་ཁཱལ་མུག་གཙུག་ལག་སློབ་གྲྭ་ (kalmic state university) ཞེས་པས་བོད་མི་མང་སྤྱི་འཐུས་རྣམ་པར་ཉིན་གུང་ཞལ་ལག་འདེགས་འབུལ་ཞུས་པའི་སྟེང་། སློབ་གྲྭའི་འགན་འཛིན་གཞོན་པ་སྐུ་ཞབས་ཝལཱ་ཌེ་མེར་ཨེམ་བེབ་ (Vladimir imevev) མཆོག་དང་། སློབ་དཔོན་ཆེན་མོ་བཱ་ལེ་རི་ནེ་ཁོ་ལ་བེ་ཆི་ (professor valeri nikolaevich) མཆོག དེ་བཞིན། གཙུག་ལག་སློབ་གྲྭའི་ནང་པའི་སློབ་དཔོན་ཆེན་མོ་འུ་ལཱ་ནོབ་མེར་གྷིན་ (professor ulanov mergen) མཆོག་བཅས་དང་ལྷན་དུ་ཁཱལ་མུག་དང་བོད་པའི་སྐད་ཡིག་རིག་གཞུང་བརྗེ་རེས་གནང་ཕྱོགས་ཐོག་བསམ་ཚུལ་བརྗེ་རེས་གནང་ཡོད་འདུག

 

ཕྱི་དྲོའི་ཆུ་ཚོད་ ༧།༣༠ སྟེང་སྨན་པ་འཇིགས་མེད་ལགས་ཀྱི་ལས་ཁུངས་ནང་། ཁཱལ་མུག་བོད་དོན་རྒྱབ་སྐྱོར་བ་དང་། དགོན་པ་དང་རིག་གཞུང་ལྟེ་གནས་ཁག་གི་མི་སྣ། ཁཱལ་མུག་ཁུལ་གྱི་བོད་མི་བཅས་ལྷན་འཛོམས་ཐོག སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་གིས་ཕྱི་རྒྱལ་ཁག་ཏུ་བཞུགས་པའི་བོད་པ་ཚོས་སོ་སོའི་འཚོ་ཐབས་འགྲིག་པ་ཙམ་ལ་མ་ལྟོས་པར། བོད་པའི་རྩ་དོན་མ་བརྗེད་པ་གནང་དགོས་པ་དང་། ལྷག་པར་དུ་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་གུས་བརྩི་དགོས་པ། དེ་བཞིན། བོད་པ་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་བསྒྲིལ་གནང་དགོས་བཅས་ཀྱི་གསུང་བཤད་གནང་ཡོད་འདུག

ཕྱི་ཚེས་ ༡༡ ཉིན་གྱི་ཞོགས་པ་ཆུ་ཚོད་ ༨ སྟེང་ཁཱལ་མུག་ཁུལ་དུ་གནས་སྡོད་བོད་མི་དང་དགོན་པའི་སྐུ་ཚབ་བཅས་ཀྱི་ཕེབས་སྐྱེལ་འོག ཁཱལ་མུག་གི་རྒྱལ་ས་ཨི་ལེ་སི་ཊ་ནས་རླངས་འཁོར་བརྒྱུད་ཐོན་ཏེ་ཉིན་གུང་ཆུ་ཚོད་ ༡༢ སྟེང་ཨ་སི་ཊི་རཱ་ཁཱན་ (Astrakhan) ཞེས་པའི་གྲོང་ཁྱེར་དུ་ཕེབས་འབྱོར་གནང་ཡོད་པ་དང་། ཉིན་གུང་ཆུ་ཚོད་ ༢།༣༠ སྟེང་མཁའ་ལམ་བརྒྱུད་ཐོན་ཏེ་ཕྱི་དྲོའི་ཆུ་ཚོད་ ༣ ཙམ་ལ་མོ་སི་ཁོ་གནམ་ཐང་དུ་ཕེབས་འབྱོར་སྐབས། སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་དང་དོན་གཅོད་ལས་བྱེད་བཅས་ཕེབས་སྐྱེལ་དུ་བཅར་འདུག་པ་མ་ཟད། ཁཱལ་མུག་གི་དམག་སྤྱི་ཟུར་པ་སྐུ་ཞབས་ནེ་ཁོ་ལ་བཱ་ཚེ་རི་ནོ་བེ་ཆཱི(Nikolava Tserinovich) མཆོག་གིས་བཀོད་མངགས་གནང་བ་ལྟར། མོ་སི་ཁོ་རྒྱལ་སྤྱིའི་གནམ་ཐང་དུ་གལ་ཆེའི་མི་སྣ་གདན་ཞུའི་ཕེབས་འཁོར་དང་། གནད་ཡོད་མི་སྣ་ (VIP Lounge) ཕེབས་བཞུགས་གནང་ཡུལ་ཚོམས་ཁང་དང་། གནམ་གྲུའི་འཛིན་བྱང་ཞིབ་འཇུག་དང་ལུས་བཤེར་འགག་སྒོ་བཅས་སུ་རོགས་པ་བྱེད་མཁན་གནམ་ཐང་གི་ལས་བྱེད་ཆེད་གཏོང་གནང་ཡོད་འདུག

ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༧།༥༠ སྟེང་རྒྱལ་ས་མོ་སི་ཁོ་ནས་མཁའ་ལམ་བརྒྱུད་ཕྱི་ཚེས་ ༡༢ ཉིན་གྱི་ཞོགས་པ་ཆུ་ཚོད་ ༤།༣༠ སྟེང་རྒྱ་གར་རྒྱལ་ས་ལྡི་ལིར་བདེ་འབྱོར་བྱུང་ཡོད་པ་དང་། ཕྱི་ཚེས་ ༡༣ ཉིན་གྱི་ཕྱི་དྲོར་འགྲུལ་སྐྱེལ་རླངས་འཁོར་བརྒྱུད་ཕྱི་ཚེས་ ༡༤ ཉིན་གྱི་ཞོགས་པ་བཞུགས་སྒར་རྡ་སར་ཕེབས་འབྱོར་གནང་ཡོད་འདུག

ཐེངས་འདིར་སྤྱི་འཐུས་རྣམ་པ་བཞིས་ཉིན་གྲངས་ ༡༠ རིང་གི་ཕྱོགས་བསྐྱོད་ལས་རིམ་ཁྲོད། ཨུ་རུ་སུའི་རྒྱལ་ས་གཙོས་པའི་གྲོང་ཁྱེར་ཆེ་ཁག་ ༣ ནང་ཕེབས་ཏེ། གྲོས་ཚོགས་འཐུས་མི་ ༨ དང་། བློན་ཆེན་ ༡། བོད་དོན་རྒྱབ་སྐྱོར་བ་གྲངས་ ༦༣ ཙམ་ལ་ཐུག་འཕྲད་དང་། གསར་འགོད་ལྷན་ཚོགས་ཐེངས་ ༣ དང་། བོད་དོན་རྒྱབ་སྐྱོར་བའི་ཚོགས་འདུ་ཐེངས་ ༣། བོད་རིགས་ཚོ་དང་ལྷན་འཛོམས་ཐེངས་ ༢ བཅས་གནང་སྟེ། བོད་དོན་ངོ་སྤྲོད་དང་ཡིག་ཆ་འགྲེམ་སྤེལ། འབྲེལ་ལམ་དམ་ཟབ་བཅས་གནང་ཐུབ་པ་བྱུང་ཡོད་འདུག་པ་བཅས། །

Share with your friends










Submit