ཟླ་བ་ ༣ ཚེས ༡༧ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༧ རེས་གཟའ་མིག་དམར། ༄༅། །བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་མཇུག་བསྡོམས་གསུང་བཤད་གནང་དོན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམ་པ། དཔལ་ལྡན་ཚོགས་གཞོན་མཆོག་གིས་དབུས་ཕྱག་སྦྲེལ་སྤྱི་འཐུས་རྣམ་པ་བཅས་ལ་ཞུ་རྒྱུར། དེ་རིང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་འདི་ཐོག་མར་ལས་རིམ་བསྒྲིགས་པ་ནང་བཞིན་ཏོག་དབྱིབས་ནད་ཡམས་རྐྱེན་པས་བྱུང་ཐུབ་མེད།  དེ་རིང་ཉིན་གྲངས་གཅིག་རིང་ཚོགས་པའི་ནང་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གཉིས་བཞག་གནང་ཐུབ་པ་དང་། གདུང་སེམས་མཉམ་སྐྱེའི་གྲོས་ཆོད་གཅིག  རྩིས་ལོ་ ༢༠༢༠་་་༢༠༢༡ ལོའི་གཏོང་ལེན་ཁྲིམས་ཡིག་གཏན་འབེབས་གནང་ཐུབ་པ་བྱུང་བ་འདི་དག་ཚང་མ་ལེགས་གྲུབ་ཡོང་བར་གྲོས་ཚོགས་ར་བ་འདིའི་ནང་ཆ་ཤས་བཞེས་གནང་རྒྱུའི་ཐོབ་ཐང་ཡོད་མཁན་ཡོངས་ཀྱིས་མཐུན་འགྱུར་མཉམ་རུབ་གནང་བ་ལ་བརྟེན་ནས་གནས་སྟངས་འདི་འབྱུང་བཞིན་ཡོད། ཚང་མར་ལེགས་གསོལ་བསྔགས་བརྗོད་ཞུ་རྒྱུ་ཡིན།

སྤྱིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་ལ་ཚོགས་ཆུང་བསྐོ་གཞག་བྱ་རྒྱུ་ནི་དཀའ་ལས་ཁག་ཤོས་ཤིག་རེད། མང་ཚོགས་རྩིས་ཁྲ་ཚོགས་ཆུང་དང་ཚོད་དཔག་འཆར་རྩིས་ཚོགས་ཆུང་ཡིན་ནའང་འདྲ། ཚོགས་གཙོ་གཉིས་ལ་དཀའ་ངལ་ཆེ་ཤོས་འཕྲད་བཞིན་འདུག

ད་རེས་ཚོད་དཔག་འཆར་རྩིས་ཚོགས་ཆུང་ནང་འཛུལ་མཁན་ཧ་ཅང་ཁག་པོ་བྱུང་། མཐར་འབོད་སྐུལ་ཞུས་ཏེ་ཚོད་དཔག་འཆར་རྩིས་ཚོགས་ཆུང་བཙུགས་ཐུབ་པ་དང་། ཁོང་རྣམ་པས་ཕྱག་ལས་ཞིབ་ཚགས་པོ་དང་ཧ་ཅང་ཡག་པོ་གནང་འདུག ཐེངས་འདིའི་སྔོན་རྩིས་འདི་རྩ་བའི་ལས་ཁུངས་རིམ་པ་བཞིན་དུ་ཞིབ་འཇུག་མཐར་ཕྱིན་པ་གནང་བ་དང་། དེ་རྗེས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་ཞིབ་ཚགས་པོ་ཧ་ཅང་གནང་འདུག དེ་ལྟར་ཞིབ་ཚགས་པོ་གནང་བ་ལ་བརྟེན་ནས་དེ་རིང་གཏན་འབེབས་བྱུང་བ་རེད། དེར་བརྟེན་ཚོད་དཔག་འཆར་རྩིས་ཚོགས་ཆུང་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ད་རེས་གྲོས་ཚོགས་འདི་ཚོགས་ལ་ཉེ་བའི་སྐབས་སུ་འཕྲོད་བསྟེན་ལས་ཁུངས་ངོས་ནས་སྔོན་འགོག་སླད་མཐུན་འགྱུར་ཧ་ཅང་ཡག་པོ་གནང་བྱུང་། གཞན་ཡང་སྔར་རྒྱུན་ལྟར་ཕྱི་དྲིལ་ལས་ཁུངས་ཀྱི་བརྙན་འཕྲིན་ཚན་པ་དང་། བདེ་སྲུང་ལས་ཁུངས་སོགས་མཐུན་འགྱུར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

འདི་ལོར་འཛིན་སྐྱོང་བཀའ་ཤག་ངོས་ནས་ལོ་འཁོར་མོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུ་རེད། བཀའ་དྲིན་རྗེས་དྲན་གྱི་ལོ་འདིའི་ནང་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་༸རྒྱལ་བའི་བཀའ་དགོངས་གང་ཐུབ་བསྒྲུབ་རྒྱུ་དང་། མཐུན་ལམ་གོང་བུ་གཅིག་ཏུ་བསྒྲིལ་བའི་ཐོག་ནས་རྩ་དོན་ཁོ་ནའི་ཆེད་དུ་དུས་ཚོད་གཏང་ཐུབ་པ་ཞིག་དང་། དོན་མེད་ང་ཚོའི་སྤྱི་ཚོགས་ནང་དཀྲོག་རྐྱེན་བཟོ་རྒྱུའི་རིགས་སུ་ལའང་དགོས་པ་མེད། མི་དགོས་པ་དེར་དང་ལེན་མ་གནང་བར་རྒྱང་རིང་དུ་བཏང་བའི་ཐོག་ནས་དུས་ཚོད་གང་ཡོད་པ་སྤྱི་པའི་རྩ་དོན་ཆེད་གང་བྱེད་དགོས་པ་དང་། སོ་སོའི་ནུས་པ་གང་འདོན་ཐུབ་པ་དེ་དག་གི་ཐོག་ནུས་པ་མཉམ་སྤུངས་ཐུབ་ཐབས་སླད་འབོད་སྐུལ་ཞུ་བཞིན་ཡོད།

དེང་སྐབས་ཏོག་དབྱིབས་ནད་ཡམས་རྐྱེན་པས་འཛམ་གླིང་སྤྱི་ཡོངས་ལ་དཀའ་ངལ་ཚབས་ཆེ་ཞིག་འཕྲད་བཞིན་ཡོད་པར་བརྟེན་འདི་ལྟ་བུའི་ནད་ཡམས་མགྱོགས་ནས་མྱུར་དུ་འཇིག་རྟེན་འདི་ནས་ཞི་བ་དང་། མ་འོངས་པར་འདི་རིགས་མི་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན།། །

Share with your friends










Submit