ཟླ་བ་ ༣ ཚེས ༡༦ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༦ རེས་གཟའ་ཟླ་བ། 

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༣ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་བཞུགས་སྒར་རྡ་ས་ཁུལ་གྱི་ཕྱི་ནང་གསར་འགོད་པ་རྣམས་ལ་རྡ་ཤོད་དུ་རྟེན་གཞི་བྱས་པའི་ཌོ་ལ་དྷར་ Dauladhar  ཞེས་པའི་གསོལ་མགྲོན་ཁང་དུ་གསོལ་སྟོན་རྒྱས་པ་ཞིག་གོ་སྒྲིག་གནང་ཡོད། ཐེངས་འདིར་ཕྱི་དྲིལ་ལས་ཁུངས་ནས་གསར་འགོད་པ་ཚོར་གསོལ་སྟོན་གོ་སྒྲིག་གནང་བ་ཐེངས་བདུན་པ་ཆགས་ཡོད།

དེ་ཡང་སྐབས་དེར་དེ་ནིག་ཇ་གྷ་རན་དང་། Dainik Jagran ཧིན་དུ་སི་ཐན་དུས་བབ། Hindustan Times ཀྲི་བྷུན། The Tribune དང་། ཨ་མར་ཨུ་ཇ་ལ་ Amar Ujala, རྒྱ་གར་གྱི་དུས་བབ། Times of India   ཨེ་ཨེན་ཨ་ཡི། ANI ཧིན་དུ་སི་ཐན་ས་མཱ་ཅར། Hindustan Samachar , DD News, News 18 སོགས་རྒྱ་གར་གྱི་གསར་འགྱུར་ཚན་པ་ཁག་གི་འགན་འཛིན་དང་གསར་འགོད་པ། དེ་བཞིན་བོད་ཀྱི་གསར་འགྱུར་བརྒྱུད་ལམ་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་། ཨ་རི་རླུང་འཕྲིན། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། བོད་ཀྱི་དུས་བབ། བོད་ཀྱི་བང་ཆེན་སོགས་ཀྱི་རྩོམ་སྒྲིག་པ་དང་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༥༠ ལྷག་ཙམ་ཕེབས་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་བཅས་ཕེབས་ཡོད།

སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་རྡ་ས་ཁུལ་གྱི་ཕྱི་ནང་གི་གསར་འགོད་པ་རྣམས་ལ་གོ་སྒྲིག་གནང་བའི་གསོལ་སྟོན་ཐོག་ཕེབས་པར་དགའ་བསུའི་འཚམས་འདྲི་དང་འབྲེལ། བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ཤུགས་ཆེ་གཏོང་སླད་གསར་འགོད་པའི་ལས་དོན་གལ་ཆེན་པོ་ཆགས་ཀྱི་ཡོད་སྐོར་དང་། གསར་འགོད་པ་རྣམས་ནས་མང་ཚོགས་ཁྲོད་བོད་ཀྱི་གནད་དོན་ཁྱབ་བསྒྲགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་གསར་འགོད་པ་དབར་གོ་བསྡུར་གནང་ཡོད།

སྤྱིར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་ས་གནས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ལ་ལོ་འཁོར་གསོལ་སྟོན་གོ་སྒྲིག་གནང་དགོས་དོན་ནི། བོད་རིགས་དང་རྒྱ་གར་གྱི་གསར་འགོད་པའི་དབར་སྔར་ལྷག་འབྲེལ་ལམ་དམ་ཟབ་ཡོང་ཐབས་དང་། ལྷག་པར་བོད་མིའི་སྒྲིག་འཛུགས་དང་ས་གནས་ཀྱི་གསར་འགོད་པའི་དབར་འབྲེལ་ལམ་དམ་ཟབ་ཡོང་སླད་དང་། ཕྱོགས་མཚུངས་གསར་འགྱུར་བརྒྱུད་ལམ་ཁག་གིས་སྤྱི་ཚོགས་ཁྲོད་གོ་རྟོགས་ཀྱི་ལས་དོན་རླབས་ཆེན་སྤེལ་བཞིན་པའི་བྱས་རྗེས་ལ་ངོས་འཛིན་གནང་ཆེད་ཀྱང་ཡིན་འདུག་པ་བཅས། །

Share with your friends










Submit