ཟླ་བ་ ༣ ཚེས ༡༧ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༧ རེས་གཟའ་མིག་དམར། 

 

༄༅། །ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ Kalmyk Republic ལ་རང་སྲིད་རང་སྐྱོང་ཐོབ་སྟེ་ལོ་ངོ་བརྒྱ་ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་ཆེད་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་Moscow ནང་རྟེན་གཞི་བྱས་པའི་ཝི་ཁི་ཊོ་རི་ཡ་པར་ཀི་འགྲེམས་སྟོན་ཁང་ Victory Park Museum དུ་ཚོན་བྲིས་རི་མོ་དང་། འབུར་བཟོ། རྡོ་རྐོས་རི་མོ་སོགས་འགྲེམས་སྟོན་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ཆེ་བསྟོད་སྐུ་མགྲོན་དུ་ཕེབས་ཡོད།

དབུ་འབྱེད་མཛད་སྒོའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ནང་ཆིབས་སྒྱུར་བསྐྱངས་པའི་སྐོར་གློག་བརྙན་གཟིགས་འབུལ་ཞུས་ཡོད། སྐབས་དེར་ཏེ་ལོ་རིན་པོ་ཆེ་མཆོག་གིས་སྒྱུ་རྩལ་པ་དང་། ཤེས་ཡོན་པ། ལོ་རྒྱུས་སྨྲ་བ། སྒྱུ་རྩལ་ལ་དགའ་མོས་གནང་མཁན་ཡོངས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་གནང་བ་དང་འབྲེལ། དུས་རབས་ ༢༠ ནང་བོད་དང་ཨུ་རུ་སུའི་ནང་རིག་གཞུང་ལ་གཏོར་བཤིག་ཚབས་ཆེན་ཐེབས་ཡོད་པ་དང་། ད་ཆ་ཨུ་རུ་སུའི་མི་མང་ལ་རང་དབང་ཐོབ་ཡོད་ཀྱང་བོད་མི་ཚོས་མུ་མཐུད་རང་དབང་གི་ཆེད་དུ་འཐབ་རྩོད་གནང་བཞིན་པ་སོགས་ཀྱི་སྐོར་གསུངས།

ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གཞུང་དང་ཡུལ་སྐོར་སྤྲོ་འཆམ་ལྷན་ཁང་གི་བློན་ཆེན་སྐུ་ཞབས་ཧོན་གར་ཨེ་ལི་བྷི་ཀོབ་ Hongar Elbikov མཆོག་གིས་ཝི་ཁི་ཊོ་རི་ཡ་པར་ཀི་འགྲེམས་སྟོན་ཁང་གི་ངེས་སྟོན་པ་གཞོན་པ་ལགས་ལ་འགྲེམས་སྟོན་ཁང་གི་ངོས་ནས་སྒྱུ་རྩལ་འགྲེམས་སྟོན་གྱི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུས། དབུ་འབྱེད་མཛད་སྒོ་གྲོལ་རྗེས་ཏེ་ལོ་རིན་པོ་ཆེ་མཆོག་གིས་གསར་འགོད་པའི་བཅར་འདྲིར་དང་ལེན་གནང་སྟེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་ཀྱི་དམ་བཅའ་བཞིའི་སྐོར་ངོ་སྤྲོད་དང་འགྲེམས་སྟོན་གྱི་ལམ་ནས་ཕན་ཚུན་རིག་གཞུང་སྐོར་རྒྱུས་ལོན་གནང་རྒྱུར་ཕན་ཐོགས་ཡོད། ཅེས་དང་།

གཞན་ཡང་ཏེ་ལོ་རིན་པོ་ཆེ་མཆོག་གིས་འགྲེམས་སྟོན་གྱི་ལམ་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་ཀྱི་དམ་བཅའ་བཞིའི་ནང་ནས་གཉིས་ཏེ་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་གོང་མཐོར་གཏོང་ཐུབ་ཀྱི་ཡོད་པ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་ཨུ་རུ་སུའི་ནང་ཐེངས་མང་ཆིབས་སྒྱུར་བསྐྱངས་ཡོད་པ་སོགས་ཀྱི་སྐོར་གསུངས། འགྲེམས་སྟོན་གྱི་དབུ་འབྱེད་མཛད་སྒོ་གྲོལ་རྗེས་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གཞུང་དང་ཡུལ་སྐོར་སྤྲོ་འཆམ་ལྷན་ཁང་གི་བློན་ཆེན་མཆོག་གིས་ཏེ་ལོ་རིན་པོ་ཆེ་མཆོག་ལ་དྲན་རྟེན་གྱི་ལེགས་སྐྱེས་ཤིག་ཀྱང་ཕུལ་ཡོད་པ་བཅས།།

Share with your friends










Submit