ཟླ་བ་ ༣ ཚེས ༡༨ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

༢༠༢༠ ཟླ་ ༣ ཚེས་ ༡༨ རེས་གཟའ་ལྷག་པ།

༄༅། །ཕྱི་ལོ ༢༠༢༠ ཟླ་ ༣ ཚེས་ ༡༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་དགོན་སྡེ་ཁག་ལ་རྒྱ་ནག་གྲོང་ཁྱེར་ཝུ་ཧན་ནས་བྱུང་བའི་ (Covid-19) ཞེས་པའི་ནད་ཡམས་སྔོན་འགོག་དང་འབྲེལ་བའི་གསལ་བསྒྲགས་ཤིག་སྤེལ་ཡོད་ཀྱང་། ད་ལམ་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་གསལ་བསྒྲགས་ཞུས་པ་དེའི་ཐོག་ངན་བྱུས་གཤམས་ཏེ་བསྒྱུར་བཅོས་ཀྱི་དཀྲོགས་གཏམ་སྤེལ་བཞིན་འདུག་སྟབས། ཆོས་རིག་ལས་ཁུངས་ནས་འདིའི་ཐོག་གསལ་བཤད་གནང་དོན།

ཕྱི་ལོ ༢༠༢༠ ཟླ་ ༣ ཚེས་ ༡༦ ཉིན་དཔལ་ལྡན་བཀའ་དྲུང་ཡིག་ཚང་ནས་ཛ་དྲག་འབོད་བསྐུལ་གསལ་བསྒྲགས་ཕེབས་པའི་དགོངས་དོན་བཞིན། ཕྱི་ཚེས་ ༡༧ ཉིན་འདི་ག་ལས་ཁུངས་ནས་ལས་ཤོག་ཐོག་ཁྱབ་ཁོངས་དགོན་སྡེ་ཁག་ལ་རྒྱ་ནག་གྲོང་ཁྱེར་ཝུ་ཧན་ནས་བྱུང་བའི་ (Covid-19) ཞེས་པའི་ནད་ཡམས་སྔོན་འགོག་དང་འབྲེལ་བའི་གསལ་བསྒྲགས་སྤེལ་ཡོད་ཀྱང་། ད་ལམ་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་གསལ་བསྒྲགས་ཞུས་པ་དེའི་ཐོག་རྒྱལ་ཁབ་ཀྱི་མིང་བསྒྱུར་བཅོས་ཀྱིས་ཆེད་སྤེལ་བྱས་པ་གང་སར་ཁྱབ་བཞིན་ཡོད་འདུག་ན། རྒྱ་ཆེའི་མང་ཚོགས་ནས་འདི་ཐོག་ཅི་ནས་ཀྱང་དོགས་ཟོན་དགོས་རྒྱུ་དང་། ལྷག་པར་དུ་ངན་བྱུས་ཀུན་ཏུ་བླངས་པའི་བྱ་སྤྱོད་འདིའི་རིགས་ཁྱབ་གདལ་མི་ཡོང་སླད། ཚང་མས་ཡིད་གཟབ་དང་བླང་དོར་འཛོལ་མེད་གནང་དགོས་པའི་སྐུལ་འདེབས་ཞུ་རྒྱུ་བཅས། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༨ ལ།

 

Share with your friends










Submit