ཟླ་བ་ ༣ ཚེས ༡༨ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༨ རེས་གཟའ་ལྷག་པ། 

༄༅། །ཉེ་ལམ་སྐད་འཕྲིན་བརྒྱུད་མི་གཅིག་གིས་ཏོག་དབྱིབས་ནད་དུག་ Covid-19 སྔོན་འགོག་ཆེད་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཚན་སྔགས་གསོག་སྒྲུབ་མཛད་ཚུལ་དང་། མང་ཚོགས་ནས་ཚ་དང་བྱེ་མ་ཀ་ར་མེད་པའི་ཇ་ཐང་འཐུང་ན་ནད་ཡམས་ཞི་བར་ཕན་ཐོགས་ཡོད་པའི་བཀའ་སློབ་སྩལ་ཡོད་ཚུལ་དཀྲོག་གཏམ་ཆེད་སྤེལ་བྱས་པ་གང་སར་ཁྱབ་བཞིན་ཡོད་འདུག དེ་ནི་དཀྲོག་གཏམ་རང་ཡིན་པས་མི་མང་ནས་བདེན་འཛིན་རྩ་བ་ནས་གནང་རྒྱུ་མེད། མ་འོངས་པར་དཀྲོག་གཏམ་དེ་རིགས་ལ་ཐུགས་སྣང་དང་ཞིབ་དཔྱད་གནང་དགོས།

འདི་ལོའི་ཟླ་ ༡ ཚེས་ ༢༧ ཉིན་རྒྱ་རིགས་དད་ལྡན་ཚོས་ཏོག་དབྱིབས་ནད་ཡམས་སེལ་ཆེད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་སྨོན་ཞུས་ལན་དུ། སྒྲོལ་མའི་གཟུངས་སྔགས་བགྲང་ན་ཕན་ཐོགས་ཡོད་ཅེས་དང་། ཟླ་ ༡ ཚེས་ ༢༩ ཉིན་༸གོང་ས་མཆོག་གིས་ཐའེ་ལན་ཌི་དངཝེ་ཏི་ནམ་གྱི་དད་ལྡན་བརྒྱ་སྐོར་ལ་བཀའ་སློབ་གནང་སྐབས། ཏོག་དབྱིབས་ནད་ཡམས་སྐོར་ལ་ཀུན་གྱིས་འཕྲོད་བསྟེན་ཐོག་དོ་ཁུར་གཟབ་ནན་དང་མཉམ་དུ། ནང་པའི་རྗེས་འཇུག་དད་པ་དང་དོན་གཉེར་ཅན་ཚོས་རྗེ་བཙུན་སྒྲོལ་མའི་གཟུངས་སྔགས་བགྲང་པ་ཡིན་ན་ཕན་གྱི་ཡོད་པའི་བཀའ་སློབ་ཕེབས་ཡོད་པ་འདི་ག་ཡིག་ཚང་ནས་བརྙན་ཡིག་གཉིས་ཐོག་ཡོང་ཁྱབ་འགྲེམས་སྤེལ་བྱས་ཡོད།

གཞན་ཡང་། རྟའུ་ཁུལ་ནས་ནད་ཡམས་རྐྱེན་སེལ་ཆེད་འབྲེལ་ཡོད་རྣམས་ཀྱིས་ཐུགས་དམ་བཀའ་ལུང་གསོལ་འདེབས་ཞུས་པའི་བརྟག་འབྲས་བཀའ་ལན་སྩལ་བ་དག་ལ། དེ་མིན་གྱི་ཏོག་དབྱིབས་ནད་ཡམས་སྐོར་ལ་ད་བར་བཀའ་གསུང་གང་ཡང་གནང་མེད་པ་བཅས། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༧ ལ། །

Share with your friends










Submit