ཟླ་བ་ ༣ ཚེས ༡༨ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

 ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༨ རེས་གཟའ་ལྷག་པ།

གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད།

 སྔོན་གླེང་།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༦ ཉིན་གྱི་ཕྱི་དྲོར་སླར་ཡང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ཁག་ལ་ཞུ་འབོད་སླད་སྐུ་ཞབས་ཡོན་ཏན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་ཕྱིན་ཡོད་འདུག དམ་པ་ཁོང་ནི་བོད་མདོ་སྨད་ཨ་མདོ་རྔ་པ་རྨེའུ་རུ་མའི་རུ་ཆེན་གཉིས་པ་ནས་ཡིན་པ་དང་། རང་ལོ་ ༢༤ ཙམ་ལ་སོན་པ་ཕ་མིང་ལ་བསོད་དོན་དང་། མ་མིང་ལ་ཚེ་ཁོ་སྐྱིད་གཉིས་ཀྱི་བུ་ཡིན་འདུག དེ་སྔོན་ཁོང་རྔ་བ་ཀིརྟི་དགོན་པའི་གྲྭ་པ་གནང་མྱོང་བ་ཞིག་དང་། རྗེས་སུ་འབྲོག་པའི་ནང་འཚོ་སྡོད་གནང་བཞིན་པ་ཞིག་ཡིན་འདུག ཁོང་འདས་གྲོངས་སུ་སོང་པའི་རྗེས་སུ་སྐུ་ཕུང་རྒྱ་གཞུང་གིས་ནང་མིར་རྩིས་སྤྲོད་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་ཁ་གང་ཡང་ཤེས་རྟོགས་ཐུབ་མེད།

ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་ནང་ཤེས་རྟོགས་ར་སྤྲོད་གསལ་པོར་བྱུང་བ་བོད་མི་གྲངས་ ༡༥༤ ཡིས་རང་ལུས་མེར་བསྲེགས་གཏོང་གནང་བའི་ཁོངས་ ༡༣༢ འདས་གྲོངས་སུ་ཕྱིན་པ་ཁ་གསལ་བྱུང་ཡོད་ནའང་གཞན་རྣམས་ཀྱི་གནས་སྟངས་ཁ་གསལ་ཤེས་རྟོགས་ཐུབ་མེད། རང་ལུས་མེར་བསྲེགས་གནང་མཁན་དེ་དག་གིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོས་ལེན་མེད་པ་དང་། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་ཞུ་དགོས་པ། བོད་ལ་རང་དབང་དགོས་པ། བོད་ལ་འགྲོ་བ་མིའི་ཐོབ་ཐང་དང་སྐད་ཡིག་ལ་རང་དབང་དགོས་པ། བོད་ཀྱི་རང་བྱུང་ཁོར་ཡུག་ལ་བདག་སྐྱོང་དགོས་པ། བོད་མིར་དྲག་གནོན་མཚམས་འཇོག་དགོས་པ་སོགས་ཀྱི་དགོས་འདུན་རྒྱུན་ཆད་མེད་པར་བཏོན་གནང་ཡོད་ནའང་རྒྱ་གཞུང་གིས་དེ་དག་ལ་བདག་སྤྲོད་ཡ་ལན་རྩ་བ་ནས་མེད་པར་བརྟེན། བོད་མི་རྣམས་ཀྱིས་མུ་མཐུད་རང་ལུས་མེར་བསྲེགས་མ་བཏང་ཐབས་མེད་ཆགས་ཀྱི་ཡོད་པས། རྒྱ་ནག་གཞུང་གིས་གནད་དོན་འདི་རིགས་ལ་གོ་མེད་ཚོར་མེད་དུ་བསྡད་ན་རྩ་བ་ནས་མི་འགྲིགས་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སྔ་རྗེས་རིམ་པའི་ནང་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཁག་བཞག་ཡོད་པའི་ནང་དོན་ལྟར་རྒྱ་གཞུང་ནས་བོད་མི་རང་ལུས་མེར་བསྲེགས་གཏོང་གནང་མཁན་ཁོང་རྣམ་པའི་ཞལ་ཆེམས་དང་གདུང་འབོད། དགོས་འདུན་བཅས་ལ་བདག་སྤྲོད་གནང་དགོས་པ་དང་། མི་ལོ་ ༦༠ ལྷག་རིང་བོད་ནང་བོད་མི་རྣམས་ཀྱིས་རང་ལུས་མེར་བསྲེགས་གཙོས་རྒྱ་ནག་གཞུང་ལ་ཞི་རྒོལ་རྒྱུན་མ་ཆད་པར་གནང་བཞིན་པ་རྣམས་ལ་རྒྱ་ནག་དབུས་སའི་དཔོན་རིགས་ཁག་གིས་དཔྱད་ཞིབ་མཐིལ་ཕྱིན་པ་ཞིག་བྱས་ཏེ། བོད་ལ་འཛིན་པའི་དྲག་གནོན་གྱི་སྲིད་བྱུས་ལ་བསྒྱུར་བཅོས་དང་དོན་ཕན་ལྡན་པའི་བོད་རྒྱ་གཉིས་སྨན་ཡོང་ཕྱིར་འབྲེལ་མོལ་གྱི་ལས་དོན་འཕྲལ་དུ་འགོ་འཛུགས་དགོས་པའི་སྐུལ་མ་དང་འབྲེལ་གྲོས་ཆོད་ཅིག་འཇོག་དགོས་རྒྱུ་གལ་ཆེར་མཐོང་།

གྲོས་ཆོད།

རྒྱལ་གཅེས་པ་ཁོང་གི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་ཐེག་མཆོག་འཁོར་ལོ་བཞི་ལྡན་གྱི་རྟེན་བཟང་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། ཤུལ་ལུས་ནང་མི་ལྟོས་བཅས་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་། རྒྱལ་གཅེས་དཔའ་བོ་ཁོང་རྣམས་ཀྱི་མངོན་འདོད་ལྟར། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་གངས་ཅན་ཞིང་དུ་༸ཞབས་སོར་བདེ་བར་འཁོད་ཐུབ་པ་དང་། གཞིས་བྱེས་མཉམ་འཛོམས་ཀྱིས་བོད་མི་ཡོངས་ལ་རང་དབང་བདེ་སྐྱིད་ཀྱི་ཉི་མ་མགྱོགས་ནས་མྱུར་དུ་ཤར་བའི་མཆོག་གསུམ་༸རྒྱལ་བ་རྒྱ་མཚོར་གདུང་ཤུགས་དྲག་པོས་གསོལ་འདེབས་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༧ ལ། །

 སྔོན་གླེང་།

༄༅། །བོད་མི་མང་དགེ་ལུགས་སྤྱི་ཟུར་དམ་པ་དགའ་བྱང་དགེ་བཤེས་ལྷ་རམས་པ་བཀྲ་ཤིས་རྒྱལ་མཚན་མཆོག་དུས་ཐུང་བསྙུན་གཞི་བཞེས་རྗེས་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༡ ཉིན་ཨ་རི་སན་ཊ་ཕི་ ནིའུ་མེག་སི་ཀོ་གཟིམ་ཤག་ཏུ་དགུང་གྲངས་ ༦༤ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག དམ་པ་ཁོང་ནི་ཡབ་ཉི་འབུམ་ལགས་དང་།    ཡུམ་མེ་ཏོག་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༥༦ ལོར་ཆབ་མདོར་སྐུ་འཁྲུངས།

ཕྱི་ལོ་ ༡༩༥༩ ལོར་ཕ་ཡུལ་ནས་ཀོང་པོ་བརྒྱུད་བཙན་བྱོལ་དུ་ཕེབས་ཏེ་ཐོག་མར་ཀ་ལིང་པུང་དུ་འབྱོར། དེ་རྗེས་འཚོ་བ་རང་འཚོ་བྱས་ནས་རྡོ་རྗེ་གླིང་དུ་གཞིས་སྤོས་གནང་། དེ་ནས་པན་ཅ་མ་རི་སློབ་གྲྭར་ཕྱིན། འཛིན་རིམ་བདུན་པ་སོན་སྐབས་གྲྭ་པ་གནང་སྟེ་མུ་མཐུད་སློབ་གྲྭ་འགྲིམས། སིམ་ལར་འཛིན་རིམ་བཅུ་གཉིས་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸ཞབས་སོར་འཁོད་སྐབས་༸མགོན་པོ་མཆོག་ནས་མཚན་ཉིད་སློབ་སྦྱོང་གནང་དགོས་སྐོར་བཀའ་ཕེབས་གཞིར་བཟུང་རྡ་སར་མཚན་ཉིད་སློབ་གྲྭའི་ཐོག་མའི་སློབ་ཕྲུག་ཁོངས་བཞུགས་ཏེ་བསླབ་པ་མཐར་ཕྱིན་གནང་།

དེ་ནས་དགའ་ལྡན་བྱང་རྩེ་ཕ་ར་༸དགའ་ལྡན་ཁྲི་ཐོག་གོ་བརྒྱད་པ་རྗེ་བཙུན་འཇམ་དཔལ་གཞན་ཕན་མཆོག་གི་བཀའ་འབྲེལ་འོག་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་སྒྲིག་བཞུགས་གནང་། རིམ་པས་དགེ་བཤེས་ལྷ་རམས་པའི་དམ་འཇོག་གནང་། གྲྭ་ཚང་དུ་ཆོས་མཛད་བཏང་གནང་མཛད། དེ་ནས་ཁྲི་ཟུར་རིན་པོ་ཆེ་མཆོག་གི་ཕྱག་མཛོད་གནང་སྟེ་ཉི་ཧོང་གཙོས་པའི་ཕྱི་གླིང་ཡུལ་གྲུ་མང་པོར་རིན་པོ་ཆེ་ལྷན་བཅར་ཞབས་ཕྱི་ལྷོད་མེད་ཞུས། དམ་པ་དེ་ཉིད་ཀྱི་ཡོན་ཏན་ལ་རྗེས་ཤུལ་སློབ་མ་མང་པོས་ཆེས་གུས་བཀུར་དང་གདེང་འཇོག་ཆེན་པོ་ཡང་ཐོབ་ཡོད་འདུག

 དེ་རྗེས་ཕྱི་ལོ་ ༡༩༩༦ ནས་ ༢༠༠༡ བར་སྐབས་བཅུ་གཉིས་པའི་དགེ་ལུགས་སྤྱི་འཐུས་སུ་བདམས་ཐོན་གྱིས་ཐུགས་འགན་བཞེས་གནང་ཡོད། མདོར་ན། དམ་པ་ཁོང་ནི་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་དང་བཅས་པར་བཀུར་བསྟི་ཞབས་འདེགས་ལྷག་བསམ་གྱི་འཇུག་སྒོ་ཆེར་བསྐྱེད་ཡུན་རིང་གནང་བའི་མཛད་རྗེས་ཅན་ཞིག་ཀྱང་ཡིན།

 གྲོས་ཆོད།

སྐུ་གཤེགས་དེ་ཉིད་ཀྱི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། དམ་པ་དེ་ཉིད་ཀྱི་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་ཐེག་མཆོག་འཁོར་ལོ་བཞི་ལྡན་གྱི་རྟེན་བཟང་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། ཤུལ་ལུས་གཉེན་ཉེ་དང་ལྟོས་བཅས་རྣམས་ལ་ཐུགས་གསོ་ཞུ་རྒྱུ་བཅས་ཀྱི་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༧ ལ། 

གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༧ ལ། །

 

Share with your friends










Submit