ཟླ་བ་ ༣ ཚེས ༣༡ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

༢༠༢༠ ཟླ་ ༣ ཚེས་ ༣༡ རེས་གཟའ་མིག་དམར།

 

༄༅། །ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན།  དེ་ཡང་རྒྱ་ནག་གི་ཉེན་རྟོག་པས་ཆབ་མདོ་ས་ཁུལ་ཚ་བ་མཛོ་སྒང་རྫོང་སྟོང་འབར་ཡུལ་ཚོ་ཅོན་བ་གྲོང་ཚོའི་བོར་ཆུང་ཚང་གི་ཕ་རྒན་ལོ་ན་ ༧༥ ཡིན་པ། འཇམ་དཔལ་རྡོ་རྗེ་འམ་ཡུལ་མི་ཚོས་བོར་ཆུང་འཇམ་དཔལ་ཞེས་འབོད་པ་ཁོང་གིས། ཁ་པར་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཞུས་བའི་དོགས་གཞི་དང་། རྒྱ་གར་དུ་ཡོད་པའི་རང་ཉིད་ཀྱི་བུ་མོ་དང་འབྲེལ་བ་བྱས་བའི་རྒྱུ་མཚན་གྱིས་སྤྱི་ལོ་ ༢༠༡༩ ལོའི་ཟླ་ ༡༢ བའི་ཟླ་མཇུག་དགའ་ལྡན་ལྔ་མཆོད་ཤར་ལ་ཉེ་བའི་སྔོན། ཁོང་དང་ཁོང་གི་བུ་ཚེ་དབང་འགྱུར་མེད་གཉིས་མཛོ་སྒང་རྫོང་གི་རྒྱ་ནག་གི་ཉེན་རྟོག་པས་ཁྱིམ་ནས་བཙན་ཁྲིད་ཀྱིས་མཛོ་སྒང་རྫོང་དུ་དོ་དམ་བཀག་ཉར་འོག་འདྲི་རྩད་བྱས་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་རྒྱ་གར་ལྷོ་ཕྱོགས་ནས་དགེ་བཤེས་བྱམས་པ་ལགས་ཀྱིས་ཕྱི་ཟླ་ ༣ ཚེས་༣༠ ཉིན་གནས་ཚུལ་ངོ་སྤྲོད་གནང་བྱུང་།
ཁོང་གིས་གནས་ཚུལ་ངོ་སྤྲོད་བྱས་བ་ལྟར་ན། འཇམ་དཔལ་ལགས་བཙན་ཁྲིད་བྱས་པའི་གནས་ཚུལ་བཙན་བྱོལ་དུ་ཡོད་པའི་ཁོང་གི་བུ་མོས་མི་གཞན་བརྒྱུད་ནས་གོ་མ་ཐག་སེམས་སྡུག་ཆེན་པོས་ངུ་སྐད་ཤོར་འདུག་ན་ཡང་། གནས་ཚུལ་དེ་ཕྱིར་གྱར་བྱུང་ཚེ་རང་གི་ཕ་རྒན་ལ་དཀའ་ངལ་དེ་བས་ཆེ་རུ་འཕྲད་སྲིད་སྙམ་ནས་དེའི་སྐོར་གནས་ཚུལ་བཤད་མ་ཕོད་པ་ད་བར་སྦས་གསང་བྱས་འདུག
གོང་གི་ཕ་འཇམ་དཔལ་དང་བུ་ཚེ་དབང་འགྱུར་མེད་གཉིས་འཛིན་བཟུང་བཙན་འཁྲིད་བྱས་རྗེས་སུ། ཕྱི་ཕྱོགས་སུ་ཡོད་པའི་རང་གི་བོུ་དང་གཞན་ནང་མི་ཉེ་འབྲེལ་སུ་དང་ཡང་འབྲེལ་མཐུད་རྩ་བ་ནས་བྱེད་ཐུབ་མེད་པ་བརྟེན་ཁོང་གཉིས་དུས་ཡུན་ཇི་ཙམ་བཀག་ཉར་བྱས་མིན་དང་། ཡང་བཀག་ཉར་འོག་འདྲི་རྩད་བྱས་པའི་སྐབས་སུ་ཁོང་གཉིས་ལ་ཉེས་རྡུང་ཕོག་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་ཁ་ཤེས་རྟོགས་མེད་པ་རེད་འདུག འོན་ཀྱང་གནས་ཚུལ་འབྱུང་ཁུངས་དགེ་བཤེས་བྱམས་པ་ལགས་ཀྱི་གསུངས་ན། ཁོང་གཉིས་ད་ལྟ་གློད་གྲོལ་བྱུང་འདུག
གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། མཛོ་སྒང་རྫོང་གི་ཉེན་རྟོག་པས་ཕ་འཇམ་དཔལ་ལ་ཁྱོད་ཀྱིས་རྣམ་འགྱུར་ཡག་པོ་བསྟན་སྟབས་གློད་གྲོལ་བཏང་བ་ལས་གཞན་ནག་ཉེས་ཀྱི་ཐོག་ནས་ལོ་བཞི་ལྔ་ཞིག་བཙོན་འཇུག་ཁྲིམས་ཆད་གཅོད་དགོས་པ་ལྟ་བུ་འདུག་ཞེས་སྡིག་ར་སྐུལ་འདུག་ལ། ཁོང་གཉིས་ཀྱི་ཁ་པར་འཕྲོག་པར་མ་ཟད། ནང་མི་སྤུན་མཆེད་རྣམས་ཀྱི་ཁ་པར་ཨང་གྲངས་ཡོངས་རྫོགས་ཐོ་འགོད་བྱས་འདུག
ད་དུང་ཉེན་རྟོག་པས་ཕ་འཇམ་དཔལ་ལ་ཕྱིན་ཆད་ཁ་པར་ནང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཞུ་བ་དང་། ཡང་ན་རྒྱ་གར་དུ་ཡོད་པའི་རང་ཉིད་ཀྱི་བུ་མོ་དང་འབྲེལ་བ་བྱེད་པ་སོགས་རྩ་བ་ནས་མི་ཆོག་པའི་བཙན་བཀའ་བཏང་ནས་ཁས་ལེན་ཡིག་གེར་མིང་རྟགས་བཀོད་བཅུག་ཡོད་པ་རེད།
རྒྱ་ནག་གཞུང་གིས་རྣམ་ཀུན་མི་སྣ་འཇུ་བཟུང་སྐབས། ཁ་པར་ནང་ཡོད་པའི་ཨང་གྲངས་དང་འབྲེལ་མཐུད་ཁ་བྱང་སོགས་ཐོ་འགོད་ཀྱིས་མིང་ཐོ་ནག་པོའི་ནང་བཞག་པ་དང་། ཁ་པར་ཨང་གྲངས་དེ་དག་དང་འབྲེལ་མཐུད་ཁ་བྱང་དེ་དག་གི་ཐོག་དམིགས་བསལ་རྟོག་ཞིབ་བྱེད་བཞིན་པ་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་བཞིན་ཡོད་པ་རེད།
ཡང་གནས་ཚུལ་མཁོ་སྤྲོད་པ་དགེས་བཤེས་བྱམས་པ་ལགས་ཀྱིས་གསུང་ན། རྒྱ་ནག་གཞུང་གིས་ཁ་ནས་དུས་རྒྱུན་དུ། བོད་ནང་ཆོས་ལུགས་དད་པ་རང་མོས་དང་མི་རིགས་ཐོབ་ཐང་འདྲ་མཉམ་ཡིན་ཟེར་བཞིན་ཡོད་ཀྱང་། དོན་དངོས་ཐོག་སྐོམ་པ་ཆུ་འདོད་ལྟར་སྒུག་བཞིན་པའི་བོད་ནང་གི་མི་རབས་རྒན་པ་ཚོས་༸གོང་ས་ཡིད་བཞིན་ནོར་བུ་མཆོག་གི་གསུངས་ཆོས་ཁ་པར་བརྒྱུད་ཞུས་པའི་དོགས་གཞིའི་འོག ད་རེས་ལོ་ན་བདུན་བཅུ་དོན་ལྔ་ལ་སོན་པའི་ཁྱིམ་ཚང་གི་ཕ་རྒན་ཡང་བཙན་ཁྲིད་བྱེད་ཀྱི་ཡོད་པ་རེད་ཅེས་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་གནང་གི་འདུག
ཡང་དེང་སྐབས་ཡོ་རོབ་བྱང་མའི་ཡུལ་གྲུ་སུཝེ་ཌེན་དུ་གནས་སྡོད་བྱེད་མཁན། འཇམ་དཔལ་ལགས་དང་ཕ་ཡུལ་གཅིག་པ་ཡིན་པ་བདེ་འཇགས་ལ་དམིགས་མིང་འབོད་མ་གནང་བའི་བུད་མེད་ཞིག་གིས། གོང་གི་ཕ་བུ་གཉིས་མཛོ་སྒང་རྫོང་ཐོག་ཉེན་རྟོག་པས་བཙན་ཁྲིད་བྱས་པ་མ་ཟད། ཕ་རྒན་གྱི་ཁ་པར་ཡང་བཙན་འཕྲོག་བྱས་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།
སྤྱིར་བཏང་བོད་ལྗོངས་ཆབ་མདོའི་མངའ་ཁུལ་མཛོ་སྒང་རྫོང་གི་ཚ་བ་སྟོང་འབར་ཡུལ་མི་རྣམས་ཀྱིས་ཡུལ་སྐད་ཤུགས་ཆེར་བེད་སྤྱོད་བྱེད་ནས། དབུས་སྐད་དེ་ཙམ་ཡག་པོ་མི་ཤེས་པ་དང་། ཁ་པར་བརྒྱུད་ནས་༸གོང་ས་མཆོག་གི་གསུང་ཆོས་ཞུ་དུས། ནང་དོན་རྒྱ་ཆེན་པོ་རྟོགས་ཐུབ་ཀྱི་མེད་འདུག་ཀྱང་། དད་པ་དང་དམ་ཚིག་གཡོ་བ་མེད་པའི་ཐོག་ནས་གསུང་ཆོས་ཞུ་དུས་བླ་མའི་བྱིན་རླབས་གྱིས་ནམ་རྒྱུན་དང་མི་འདྲ་བར་གཉིད་སྐྱིད་པོ་ཁུག་གི་ཡོད་པ་རྒན་རབས་པ་ཚོས་བཤད་ཀྱི་ཡོད་པ་གནས་ཚུལ་རྒྱུས་ལོན་བྱེད་མཁན་བཙན་བྱོལ་ནང་ཡོད་པའི་དགེ་བཤེས་བྱམས་པ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།
དེ་བཞིན་གོང་ཞུས་ས་ཁུལ་ནང་རྒྱ་གཞུང་གིས་དམ་བསྒྲགས་བཀག་སྡོམ་ཚད་མེད་བྱེད་བཞིན་པར་བརྟེན། ཕྱི་སྡོད་བུ་ཕྲུག་ཚོས་ནང་མི་ལ་ལོ་གསར་གྱི་འཚམས་འདྲི་ཙམ་ཡང་ཞུ་མི་ཆོག་པ་མ་ཟད། ཛ་དྲག་གི་དུས་སྐབས་འདི་ལ་ཡང་བོད་ནང་གི་ཕ་མ་སྤུན་མཆེད་ཚོ་ལ་བདེ་ཐང་ཡིན་མིན་གྱི་སྐད་ཆ་ཙམ་ཡང་བཤད་མི་ཆོག་པ་བཟོས་ཡོད་འདུག
ཁམས་ཚ་བ་མཛོ་སྒང་རྫོང་སྟོང་འབར་༼འབོ་མི་༽ ཡུལ་ཚོ་རུ། ཕྱི་ལོ་ ༢༠༡༤་ཟླ་ ༥ ནང་རྒྱ་ནག་གཞུང་གིས་རྒྱལ་མོ་དངུལ་ཆུའི་ཉེ་འགྲམ་དུ། གཏེར་ཁ་སྔོག་འདོན་གྱི་ལས་འཆར་ལ། ས་གནས་མི་མང་གིས་ངོ་རྒོལ་ཤུགས་ཆེ་བྱས་སྟབས། ཐོག་མར་ས་གནས་ཀྱི་བོད་མི་ཁག་ཅིག་རྒྱ་ནག་གཞུང་གིས་འཛིན་བཟུང་དང་། དེ་ནས་ཉིན་ཤས་རྗེས་རིམ་པར་གློད་བཀྲོལ་བཏང་ཡང་། གནས་ཚུལ་ཛ་དྲག་ཆགས་སྟབས། ཟླ་ ༥ ཚེས་ ༧ ཉིན་རང་ལོ་ ༣༩ ཡིན་པའི་འཕགས་པ་རྒྱལ་མཚན་གྱིས་རང་ལུས་ལ་གྲི་ཐེངས་གསུམ་བརྒྱབ་ནས་སྟོང་འབར་ཡུལ་ཚོའི་རྒྱ་གཞུང་གི་ཁང་པའི་ཐོག་ནས་མར་མཆོངས་ཏེ་འདས་གྲོངས་སུ་གྱུར་ཡོད་པ་རེད། སྐབས་དེ་དུས་ནས་གཞུང་གི་ལས་བྱེད་པས་ས་གནས་དེའི་བོད་མི་ཚོར་ཁ་པར་གང་སར་གཏོང་མི་ཆོག་པ་དང་། སྐད་འཕྲིན་སྔོག་བཤེར་བྱེད་པ་དང་བཀག་པ། ཡུལ་མི་ཚོའི་ཁ་པར་གྱི་ཨང་གྲངས་ཕབ་བཤུས་བསྡུ་ལེན་སོགས་བྱས་ནས་ཕན་ཚུན་འབྲེལ་ལམ་བཀག་འགོག་དང་། དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ནས་གནས་ཚུལ་མང་པོ་ཞིག་གསལ་པོ་ཤེས་རྟོགས་མ་ཐུབ་པ་ཆགས་ཡོད་པ་རེད།།