གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༠ རེས་གཟའ་ཟླ་བ།

༄༅། །འདི་གར་ཤེས་ལོངས་བོད་མི་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༠༢ ཚེས་ ༧ ཉིན་ཤེས་ལོངས་ས་གནས་འགོ་འཛིན་ལས་ཁུངས་ནས་ཁྱབ་ཁོངས་མང་ཚོགས་ལ་སྨན་བཅོས་ལྟ་སྐྱོང་ལས་གཞིའི་སྐོར་གོ་རྟོགས་དང་། དེང་སྐབས་ཁྱབ་བརྡལ་འགྲོ་བཞིན་པའི་གློ་ཚད་ནད་གཞི་  novel corona virus  དང་འབྲེལ་འཕྲོད་བསྟེན་སྔོན་འགོག་དང་སློབ་གསོའི་ལས་གཞི་སྤེལ་ཡོད།

དེ་ཡང་གོང་ཚེས་ཉིན་གྱིསྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་ས་གནས་འགོ་འཛིན་པདྨ་དོན་གྲུབ་ལགས་ཀྱིས་སྨན་བཅོས་ལྟ་སྐྱོང་ལས་གཞི་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལྟ་གྲུབ་གསུམ་རང་ཁ་རང་གསོ། གཅིག་སྒྲིལ། གསར་གཏོད་དགོངས་དོན་སྤེལ་གནང་མཛད་པ་དང༌། འཕྲོད་བསྟེན་ལས་ཁུངས་ནས་འགན་འཁུར་རྐང་བཞེས་འོག་བཙན་བྱོལ་བོད་མི་ཡོངས་ལ་སྨན་བཅོས་མཐུན་འགྱུར་སྐྲུན་ཐབས་བྱ་རྒྱུ། ལས་གཞི་འདི་ནི་དགེ་རྩ་དང་ལྡན་ལ་ཁེ་སང་གི་ཀུན་སློང་མེད་པར་བཙན་བྱོལ་བོད་མིའི་འཕྲོད་བསྟེན་རམ་འདེགས་ཁོ་ནར་དམིགས་པར་ཁྱབ་ཁོངས་མང་ཚོགས་ནས་རྒྱབ་སྐྱོར་དང་ཚོགས་ཞུགས་གང་མང་གནང་དགོས་པའི་ཞབས་སྐལ་ཞུས་སོང༌།

དེ་ནས་ས་གནས་འགོ་འཛིནས་ལས་ཁུངས་ཀྱི་རྩིས་དྲུང་བསྟན་འཛིན་དབྱངས་ལགས་ཀྱིས་སྨན་བཅོས་ལྟ་སྐྱོང་གི་ཚོགས་མིའི་འོས་ཆོས་དང༌། ཁྱབ་ཚད། ཁེ་ཕན་དང་བསྡུ་བྱ། དེ་བཞིན་སྨན་བཅོས་ལྟ་སྐྱོང་ཚོགས་ཞུགས་དེབ་སྐྱེལ་བརྒྱུད་རིམ། ཁེ་ཕན་ཞུ་ལེན་བརྒྱུད་རིམ་དང་ཚད་གཞི་ལ་སོགས་པ་ཞིབ་ཕྲ་གོ་རྟོགས་དང་འགྲེལ་བརྗོད་ཞུས་ཡོད།


གཞན་ཡང་སྨན་རྩིས་ཁང་གི་སྨན་པ་བསྟན་འཛིན་མཚོ་མོ་ལགས་ཀྱིས་དེང་སྐབས་གློ་ཚད་ནད་གཞི་ novel corona virus  དང་འབྲེལ་བའི་ནད་གཞིའི་བརྒྱུད་རིམ། ནད་རྟགས། སྔོན་འགོག་གང་འདྲ་བྱ་དགོད་མིན་འགྲེལ་བརྗོད་དང༌། སོ་སོའི་ཉིན་རེ་བྱ་གཞག་ནང་གཙང་སྦྲ་འཕྲོད་བསྟེན་དང༌། ཟས་སྤྱོད་བསྟེན་ཚུལ། སྨན་རྩིས་ཁང་གི་རིན་ཆེན་རིལ་བུ་དང་རིམས་སྲུང་ལ་སོགས་པའི་ནད་གཞི་འགོག་ཐབས་སྐོར་འགྲེལ་བརྗོད་ནན་པོ་ཞུས་ཡོད་པ་བཅས། །