ཟླ་བ་ ༢ ཚེས ༡༢ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༢ རེས་གཟའ་ལྷག་པ།

ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢ ཉིན།

༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དིལླཱི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཨར་ཝིནྡ་ཀེཇི་རི་ཝལ་མཆོག་མངའ་སྡེའི་འོས་བསྡུའི་ནང་ཚད་མཐོའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་དོན།

སྐུ་ཉིད་ཀྱི་དབུ་ཁྲིད་ལམ་སྟོན་འོག་དིལླཱི་མི་མང་ཚོར་མུ་མཐུད་ཕན་ཐོགས་འབྱུང་བཞིན་ཡོད། ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢ ཉིན་བློན་ཆེན་ཁྱེད་རང་དང་ཁྱེད་ཀྱིས་དབུ་ཁྲིད་པའི་སྲིད་གཞུང་གིས་དིལླཱི་མངའ་གཞུང་གི་སློབ་གྲྭ་ཁག་གི་ནང་དུ་བདེ་སྐྱིད་སྐྲུན་ཐབས་ Happiness Curriculum ཞེས་པའི་སློབ་ཚན་( ཁ། ) པ་ཞིག་གཏན་འབེབས་གནང་ཡོད།  འགྲོ་བ་མིའི་རིགས་ཀྱི་ལྷན་སྐྱེས་ཀྱི་བཟང་པོའི་རིན་ཐང་དེ་དག་གོང་མཐོར་བཏང་བ་བརྒྱུད།  བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་སྐྲུན་ཐབས་བྱེད་པ་དེར་ངོས་ཀྱིས་སྙིང་ཐག་པ་ནས་ཡི་རང་བསྔགས་བརྗོད་རྒྱ་ཆེ་ཞུས་དང་ཞུ་མུས་ཡིན།  རིན་ཐང་དེ་དག་ཕྲུ་གུའི་རྒྱུད་ལ་འཇགས་པ་དེས་ཕྲུ་གུའི་ཁྱོན་ཡོངས་ཀྱི་ཤེས་ཡོན་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་འབྱུང་ངེས་པ་མ་ཟད།   དབུལ་ཕོངས་ཉམ་ཐག་ཚོར་ཡང་དཀའ་ངལ་ལ་གདོང་ལེན་བྱས་ནས་ཡར་རྒྱས་ཀྱི་འཚོ་ཐབས་ལ་གདེང་སྤོབས་ཆེན་པོས་འབད་འབུངས་བྱ་རྒྱུར་ཕན་ཐོགས་བྱེད་ཐུབ། 

ངོས་ཀྱིས་འགྲོ་བ་མིའི་བཟང་པོའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ་ཙམ་མ་ཟད། རྒྱ་གར་གནའ་རབས་སྲོལ་རྒྱུན་ནས་དར་འཕེལ་བྱུང་བའི་བློའི་རྣམ་གཞག་དང་བྱེད་ལས་སྐོར་གྱི་ལེགས་བཤད་དེ་དག་རྒྱ་གར་ནང་བསྐྱར་གསོ་ཡོང་སླད་ཆོད་སེམས་བརྟན་པོས་འབད་བརྩོན་བྱེད་བཞིན་ཡོད། དེར་བརྟེན་དིལླཱི་གཞུང་གིས་སློབ་གྲྭའི་སློབ་ཚན་ནང་དུ་སེམས་རྒྱུད་ཇེ་བཟང་དུ་གཏོང་ཐབས་ཀྱི་སློབ་ཚན་བཞག་པ་དེར་ངོས་ཀྱིས་ཡི་རང་བསྔགས་བརྗོད་ཞུ་བཞིན་ཡོད།  ལས་འགུལ་དེས་རྒྱ་གར་ས་གནས་གཞན་ལའང་མིག་དཔེ་བཟང་པོ་ཞིག་སྟོན་བཞིན་ཡོད། 

ངོས་ཀྱིས་གནད་དོན་འདི་བཞིན་ཧ་ཅང་གལ་གནད་ཆེན་པོར་རྩི་བཞིན་ཡོད། གང་ཡིན་བརྗོད་ན། འཛམ་གླིང་ནང་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་ལམ་ལུགས་ཤིག་གཏན་འབེབས་བྱ་དགོས་བྱུང་ན་རྒྱ་གར་ཡུལ་འདིར་མ་གཏོགས་རེ་བ་རྒྱག་ས་མེད།  དེང་སྐབས་རྒྱ་གར་གཞོན་སྐྱེས་ཚོས་ངོས་ཀྱི་ལངས་ཕྱོགས་དེར་རྒྱབ་སྐྱོར་གནང་བཞིན་པ་དེ་དག་མཐོང་སྐབས་རེ་བ་དང་སྙིང་སྟོབས་འཕེལ་བཞིན་འདུག ཅེས་བཀའ་སློབ་སྩལ་བ་དང་སྦྲགས་བློན་ཆེན་མཆོག་གི་ལས་དོན་གང་ཅིར་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་མཛད་འདུག

སྤྱིར་བདེ་སྐྱིད་སྐྲུན་ཐབས་ཞེས་པའི་སློབ་ཚན་དེ་ནི་དེ་སྔ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ལྟར།  འགྲོ་བ་མིའི་བཟང་པོའི་རིན་ཐང་བྱམས་པ་དང་བརྩེ་བ། བཟོད་བསྲན། ཆོག་ཤེས་སོགས་གཞི་རྩར་བཟུང་ནས་རྒྱ་གར་གནའ་རབས་སྲོལ་རྒྱུན་ལེགས་བཤད་ནས་གསུང་པའི་ཞི་གནས་དང་ལྷག་མཐོང་ཉམས་ལེན་བརྒྱུད་མིའི་བསམ་བློ་ཞི་བདེ་བག་ཕེབས་ཡོང་ཐབས་ལ་དམིགས་པ་ཞིག་ཡིན་ཞིང་། ཕྱི་ལོ་ ༢༠༡༨ ཟླ་ ༧ ནས་བཟུང་རྒྱ་གར་རྒྱལ་ས་དིལླཱི་མངའ་སྡེ་གཞུང་གི་སྟངས་འཛིན་འོག་ཡོད་པའི་སློབ་གྲྭ་ཚང་མའི་སྔོན་འགྲོ་འཛིན་གྲྭ་ནས་འཛིན་རིམ་བརྒྱད་པའི་བར་སློབ་ཁྲིད་གནང་འགོ་ཚུགས་ཡོད་པ་བཅས།། 

 

གསུང་འཕྲིན་ཨིན་ཡིག་ནས་བོད་སྒྱུར་ཞུས་པས་ཨིན་ཡིག་དེར་རྩ་འཛིན་གནང་རོགས།