ཟླ་བ་ ༢ ཚེས ༡༠ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༠ རེས་གཟའ་ཟླ་བ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༨ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་།  བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ལ་བསྐྱར་ཞིབ་ཁྲིམས་འཆར་གསར་པ་དེར་ཚད་མཐོའི་མང་མོས་ཀྱིས་གཏན་འབེབ་གནང་བར་བརྟེན། རྒྱ་ནག་གུང་ཁྲན་ཏང་ཡོན་དེ་དག་ཉིན་མོའི་རྨི་ལམ་རྨི་བཞིན་པ་ལས་གློ་བུར་འདྲོགས་ནས་གཉིད་ལས་ལྡང་དགོས་བྱུང་ཡོད། དེ་ཡང་རྒྱ་ནག་གཞུང་འབྲེལ་དྲ་རྒྱ་( གོ་ལའི་བརྙན་འཕྲིན་འབྲེལ་ལམ་གསར་ལས་ཁང་དང་། ཤིང་ཧྭ་དྲ་རྒྱ། གོ་ལའི་དུས་བབ་དྲ་རྒྱ་) བཅས་ཀྱི་ནང་དུ།  ཨ་རིའི་གྲོས་ཚོགས་ཀྱིས་རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐེ་བྱུས་བྱས་སོང་། ཟེར་ནས་སྡུག་སྐད་དང་སྐྱོན་བརྗོད་བྱས་འདུག  དེ་ཡང་ཨ་རིའི་གྲོས་ཚོགས་ཀྱི་ཐག་གཅོད་དེས།  གཞིས་བཞུགས་བོད་མི་ཚོས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཆེད་དྲང་བདེན་གྱི་འཐབ་རྩོད་ལ་ཨ་རིའི་གཞུང་མང་གཉིས་ཀྱིས་རྒྱབ་སྐྱོར་ཡོད།  ཅེས་རྒྱ་ནག་དམར་པོའི་སྲིད་གཞུང་ལ་བརྡ་ལན་ཤུགས་ཆེ་བཏང་བ་ཞིག་མཚོན་ཐུབ།  གྲོས་ཆོད་དེས་དུ་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་ཐབས་བྱེད་བཞིན་པ་དང་། བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ལ་ཡི་རངས་བསྔགས་བརྗོད་དང་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད།  ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་གཙོས་བོད་མིའི་བླ་སྤྲུལ་བརྩད་འཚོལ་ལམ་ལུགས་ལ་བརྩི་བཀུར་ཐོག་འབྱུང་འགྱུར་༸རྒྱལ་བའི་ཡང་སྤྲུལ་ཐག་གཅོད་ཞུ་རྒྱུར་བོད་མི་ཚོ་ལ་རང་དབང་ཆ་ཚང་སྤྲོད་དགོས་པ་འཁོད་པ་མ་ཟད། ཅི་སྟེ་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱས་ཚེ་ཨ་རིའི་གཞུང་གིས་ཉེས་ཆད་འགེལ་རྒྱུ་ཡིན་པ་འཁོད་ཡོད། 

  རྒྱ་ནག་གཞུང་གིས་ངེས་པར་དུ་ཤེས་དགོས་པ་ཞིག་ལ།  བོད་དེ་ལོ་རྒྱུས་ཐོག་དུས་ནམ་ཡང་རྒྱ་ནག་རྒྱལ་ནང་གི་གནད་དོན་ཞིག་ཆགས་མྱོང་མེད་ཅིང་། བོད་ནི་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ཡིན་བཞིན་དུ་རྒྱ་ནག་གཞུང་གིས་ཁྲིམས་འགལ་གྱིས་ཧམ་བཟུང་བྱས་ཏེ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བ་དང་། བོད་མིའི་ཆོས་དད་རང་དབང་འཕྲོག་པ། བོད་ཀྱི་ཁོར་ཡུག་གཏོར་བཤིག་བཏང་བ་སོགས་ལ་བརྟེན་ད་ཆ་བོད་ཀྱི་གནད་དོན་ནི་རྒྱལ་སྤྱིའི་གནད་དོན་ཞིག་ཏུ་གྱུར་བ་མ་ཟད། ཡ་ང་སྙིང་རྗེ་མེད་པའི་གཅིག་སྡུད་དབང་འཛིན་གྱི་དམར་པོའི་རིང་ལུགས་ལ་གདོང་ལེན་བྱས་པའི་མཚོན་རྟགས་ཤིག་ཏུའང་གྱུར་ཡོད།

དེ་ཡང་རྒྱ་ནག་གཞུང་འབྲེལ་དྲ་རྒྱ་གོ་ལའི་བརྙན་འཕྲིན་འབྲེལ་ལམ་གསར་ལས་ཁང་གི་འགན་འཛིན་Liu Xinཟེར་བ་ཁོ་པས་བཤད་དོན། ( བོད་ཀྱི་ཐོག་ལ་ཁྱེད་ཚོས་ནང་ལས་ཡག་པོ་བྱོས། ) ཅེས་བཤད། གཞན་ཡང་རྒྱ་མི་ཉམས་ཞིབ་པ་ལེན་ཤེ་ཡང་མིང་ Lian Xiangmin ཟེར་བ་དེས།  ( བོད་ས་གནས་སྲིད་གཞུང་གིས་ཏཱ་ལའི་བླ་མའི་ཡང་སྲིད་འདམ་པར་དབུས་གཞུང་ནས་བཀའ་འཁྲོལ་ཞུ་དགོས།  ) ཞེས་བཤད་ཡོད།   

འདིར་ཁོ་པ་ཚོར་གསལ་བཤད་བྱ་རྒྱུར། དགེ་འདུན་གྲུབ་པ་ ( ༡༣༩༡། ༡༤༤༧) ནི་ཏཱ་ལའི་བླ་མ་༸སྐུ་ཕྲེང་དང་པོ་རེད།  འོན་ཀྱང་ཏཱ་ལའི་བླ་མ། ཞེས་པའི་མཚན་བསྟོད་དེ་རྒྱལ་དབང་༸སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོར་

( ༡༥༤༣།༡༥༨༨)སོག་པའི་རྒྱལ་པོ་ཨལ་ཐན་ཁཱང་གིས་ཆེ་བསྟོད་ཀྱི་ཚུལ་དུ་ཏཱ་ལའི་བླ་མ་བཛྲ་དྷ་ར་ཞེས་ཁྱབ་བདག་རྡོ་རྗེ་འཆང་གི་མཚན་བསྟོད་ཕུལ་ཞིང་།  ཏཱ་ལ། ཞེས་པ་སོག་སྐད་དང་།  དེའི་གོ་དོན་ནི་ཤེས་རབ་རྒྱ་མཚོ་ལྟར་ཟབ་ཅིང་རླིང་བའི་དོན་ཡིན།  ༸རྒྱལ་དབང་མཆོག་ནས་ཀྱང་སོག་པོའི་རྒྱལ་པོ་ཨལ་ཐན་ཁཱང་ལ་ཆོས་ཀྱི་རྒྱལ་པོ་ལྷའི་ཚངས་པ།  ཞེས་པའི་མཚན་གནང་ཡོད།  དེ་ནི་མངའ་དབང་ལྡན་པའི་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་གཉིས་དབར་མཚན་གནས་འབུལ་བཞེས་མཛད་སྲོལ་ཡོད།  འོན་ཀྱང་བོད་སོག་དབུ་ཁྲིད་རྣམ་གཉིས་མཚན་བསྟོད་འབུལ་བཞེས་མཛད་སྐབས་བོད་ལ་རྒྱ་ནག་མིང་གོང་མའི་དྲི་མ་ཙམ་ཡང་སླེབས་མེད།

དེར་བརྟེན་ལིའུ་ཟེར་བའི་རྒྱ་ཡི་སྐྱེས་མ་དེས།  ༸རྒྱལ་དབང་བསོད་ནམས་རྒྱ་མཚོ་མཆོག་གིས་རྒྱ་ནག་མིང་གོང་མའི་ཕོ་བྲང་དུ་བཅར་ནས་གོང་མར། ཏཱ་ལའི།  ཞེས་པའི་མཚན་གནས་སྐྱབས་འཇུག་ཞུས། ཟེར་བ་དེ་ནམ་མཁར་མི་ཤོང་བའི་རྫུན་གཏམ་ཁོ་ན་ཡིན་པ་ལས་བདེན་པའི་ཆ་ཕྲ་མོ་ཙམ་ཡང་མེད།  དངོས་ཡོད་གནས་ཚུལ་ནི་རྒྱལ་དབང་བསོད་ནམས་རྒྱ་མཚོ་མཆོག་སོག་ཡུལ་ནས་བོད་དུ་ཕྱིར་ཕེབས་སྐབས།  རྒྱ་ནག་མིང་གོང་མས་ཕོ་བྲང་དུ་གདན་ཞུའི་མི་སྣའི་ཐོག་འབུལ་རྟེན་རྒྱ་ཆེན་པོ་འབྱོར་ཡང་ཞལ་བཞེས་ཙམ་མཛད་པ་མ་གཏོགས་དངོས་སུ་རྒྱ་ནག་རྒྱལ་སར་ཕེབས་མེད།  ལྷག་པར་ལིའུ་ཟེར་བའི་རྒྱ་ཡི་སྐྱེས་མ་དེས། རྒྱ་ནག་དབུས་གཞུང་ལ་ཏཱ་ལའི་བླ་མའི་མཚན་གནས་ཕྱིར་བསྡུ་ཞུ་རྒྱུའི་བདག་ཐོབ་ཀྱང་ཡོད་པ་མ་ཟད། ལོ་རྒྱུས་ཁྲོད་ཕྱིར་བསྡུ་ཐེངས་གསུམ་ཞུས་ཟིན་སྐོར་བཤད་པ་ནི་དེ་བས་ཧམ་བཤད་དང་ལོ་རྒྱུས་དང་རྩ་བ་ནས་མི་མཐུན་པའི་འཁྱོག་བཤད་ཁོ་ན་ཡིན།  ལིའུ་ཟེར་བའི་རྒྱ་ཡི་སྐྱེས་མ་ཁོ་དེས།  ལུས་ལ་ཤིག་བརྒྱབ་དྲགས་ན་ཟ་འཕྲུག་མ་ཚོར་ཟེར་བ་ལྟར།  འཁྱོག་བཤད་མང་དྲགས་ན་གཞན་གྱི་ཡིད་ཆེས་བརླག  ལིའུ་རང་ཉིད་རྒྱ་ནག་གུང་ཁྲན་རིང་ལུགས་ཀྱི་སྲིད་བྱུས་འོག་འཚར་ལོངས་བྱུང་བ་ཞིག་ཡིན་སྟབས་རང་ཉིད་ཀྱི་རྣ་བར་གུང་ཁྲན་ཏང་གིས་ཆོས་དད་རང་དབང་དང་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ཐོག་འཁྱོག་བཤད་དྲིལ་བསྒྲགས་གང་བྱས་པ་དེར་ཡིད་ཆེས་གཙང་མ་བྱེད་མཁན་ཞིག་ཏུ་གྱུར་ཟིན་པ་རེད། དེར་ང་ཚོས་བསམ་ཤེས་ཐུབ་ཀྱི་འདུག  དེར་བརྟེན་བོད་སྐོར་ལ་ཟབ་སྦྱོང་ཡག་པོ་ཞིག་བྱེད་དགོས་ན་ལིའུ་རང་ཉིད་ཀྱིས་བྱེད་དགོས་པ་འདུག    

 རྒྱ་ནག་རྒྱལ་སྤྱིའི་ཉམས་ཞིབ་བསྟི་གནས་ཁང་Chinese Institute of International Studies གི་ཉམས་ཞིབ་པ་རྒྱ་མི་ཀྲང་ཏེན་ཇུང་Zhang Tengjun ཟེར་བ་དེས་རྩོམ་ཡིག་ཞིག་སྤེལ་བའི་ནང་། 

ཨ་རིའི་གཞུང་གིས་རྒྱ་ནག་དང་འགལ་ཟླའི་ཁྲིམས་འཆར་དེ་ནི་རང་ཉིད་ལ་དྲང་བདེན་གྱི་གདེང་སྤོབས་མེད་པའི་རྟགས་རེད། ཅེས་ཨ་རིའི་གྲོས་ཚོགས་ལ་སྐྱོན་བརྗོད་བྱས་འདུག  གཞན་ཡང་ཁོ་པས་ཨ་རིའི་གཞུང་གིས་རྒྱ་ནག་རྒྱལ་ནང་གི་གནད་དོན་དང་འབྲེལ་བའི་བོད་དང་ཤར་ཏུར་ཀི་སི་ཐན།  ཧོང་ཀོང་། ཐེ་ཝན་བཅས་ལ་དམིགས་འཛུགས་བྱས་ནས་སྲིད་བྱུས་གཏན་འབེབ་བྱེད་ལུགས་སྐྱོན་བརྗོད་ཀྱང་བྱས་ཡོད།  དོན་དངོས་གང་ཡིན་པ་ཀུན་གྱིས་ཤེས་གསལ་རེད། ཤར་ཏུར་ཀི་སི་ཐན་ནང་ལ་མཚོན་ན་ཁ་ཆེ་མི་གྲངས་ས་ཡ་གཅིག་ལྷག་རྒྱ་ནག་གཞུང་གིས་བཙུན་འཇུག་ལྟར་ར་བས་བསྐོར་ནས་ཕྱི་རུ་འགྲོ་མ་བཅུག་པར་འཇིགས་སྐུལ་རིང་ལུགས་ཀྱི་སྔོན་འགོག་ཡིན་ཚུལ་སོགས་འཁྱོག་བཤད་སྣ་ཚོགས་བྱས་ཀྱང་། དོན་དངོས་ནི་ཁ་ཆེ་དེ་དག་ལ་བཙན་བཀའ་བཏང་ནས་གུང་ཁྲན་ལམ་ལུགས་ཀྱི་སློབ་གསོའི་ལས་འགུལ་ཟེར་བ་སྤེལ་བཞིན་ཡོད།

ཕྱོགས་མཚུངས་བོད་ནང་དུ་མཚོན་ནའང་ཕྱི་ལོ་ ༡༩༥༠ ང་གྲངས་ཙམ་ནས་རྒྱ་ནག་གཞུང་གིས་བོད་སར་བཙན་འཛུལ་བྱས་རྗེས་བོད་མིའི་ཐོག་ད་བར་དམ་བསྒྲགས་ལས་འགུལ་བསྟུད་མར་སྤེལ་བཞིན་ཡོད།  ཧོང་ཀོང་མི་མང་འབུམ་ཕྲག་མང་པོས་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་རྔམ་སྟོན་བྱས་དང་བྱེད་མུས་མ་ཟད།  ཐེ་ཝན་ནང་ལ་མཚོན་ནའང་ཉེ་ལམ་རྒྱལ་ཡོངས་སྲིད་འཛིན་འོས་བསྡུའི་སྐབས་ཐེ་ཝན་རང་བཙན་འདོད་མཁན་གྱི་ཆབ་སྲིད་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་པ་དེས་རྒྱ་ནག་གུན་ཁྲན་སྲིད་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་དེར་ཕྱི་ནང་ཡུལ་མི་ཀུན་གྱིས་མཐའ་གཅིག་ཏུ་གདོང་ལེན་བྱེད་བཞིན་ཡོད་པའི་བརྡ་ལན་ཤུགས་ཆེ་བཏང་ཡོད།  ཕྱི་ནང་ཡུལ་མི་ཀུན་གྱིས་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་མི་དགའ་བ་བྱེད་བཞིན་པ་དེ་ནི་རྒྱ་ནག་དམར་པོའི་འགོ་གཙོ་དེ་དག་གིས་བཟོས་པ་ཞིག་ལས་ཨ་རིའི་སྲིད་གཞུང་གིས་བཟོས་པ་ཞིག་མ་རེད།  

  རྒྱ་གར་ནང་གི་རྒྱ་ནག་གཞུང་ཚབ་པ་སུན་ཝེ་ཌོང་ Sun Weidong ཟེར་བ་དེས་རྒྱ་གར་གྱི་གསར་ཤོག་ Indian Expressཞེས་པར་ཁ་འཇམ་གཏིང་གནག་གི་ཆེད་རྩོམ་ཞིག་སྤེལ་བ་དེའི་ནང་།  རྒྱ་ནག་གིས་ཞི་བདེ་རྨང་གཞིར་བཟུང་ནས་འཛུགས་སྐྲུན་ཡར་རྒྱས་ཀྱི་ལམ་བུར་སྐྱོད་བཞིན་པ་ནི་འཛམ་གླིང་ཞི་བདེའི་ཆོད་སེམས་རྒྱུན་སྐྱོང་བྱས་པ་ཞིག་ཡིན་ཟེར་བ་དེ་ནི་ལུག་ལྤགས་གྱོན་པའི་སྤྱང་ཀིའི་བྱེད་བབ་དམར་རྗེན་དུ་བཏོན་པ་རེད། ད་དུང་གཞུང་ཚབ་པ་སུན་ཝེ་ཌོང་ལྟར་ན། ཞི་བདེ་དང་འཆམ་མཐུན་ནི་རྒྱ་ནག་གི་སྤྱི་ཚོགས་དཔལ་ཡོན་ནང་ཆོས་ལུགས་ཀྱི་གོམས་གཤི་གཏིང་ཚུགས་པ་ཞིག་ཡིན་ལུགས་བཤད་པ་དེར་ཞིབ་ཙམ་དཔྱད་ན།  ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་ཏུ་གུང་ཁྲན་སྲིད་གཞུང་བརྙེས་པ་ནས་བཟུང་རྒྱ་ནག་རྒྱལ་ཡོངས་ཙམ་མ་ཟད།  དབང་སྒྱུར་བྱས་པའི་བོད་ཀྱི་ས་ཁུལ་ཡོངས་ལ་ཆོས་མེད་སྨྲ་བའི་གུན་ཁྲན་གྱིས་ནང་པ་དང་ཁ་ཆེ། ཡེ་ཤུ་སོགས་ཀྱི་དགོན་པ་དང་ལྷ་ཁང་སོགས་ཆོས་སྡེ་གྲངས་ལས་འདས་པ་གཏོར་བཤིག་ཚབས་ཆེ་བཏང་བ་མ་ཟད།  བོད་གཅིག་པུར་མཚོན་ན་དགོན་པ་ ༦༠༠༠ ལྷག་ཤུལ་མེད་དུ་བཏང་བ་དང་ཆོས་ལུགས་བྱེད་སྒོར་དམ་བསྒྲགས་མུ་མཐུད་བྱེད་བཞིན་ཡོད། རྒྱ་ནག་རྒྱལ་ནང་དུ་མཚོན་ནའང་རྩ་རླུང་སྒོམ་སྒྲུབ་ཉམས་ལེན་པ་ཚོའི་ལུས་ཀྱི་ནང་ཁྲོལ་བཏོན་ནས་ཉོ་ཚོང་བྱེད་པ་ཡོངས་གྲགས་རེད།  བོད་ནང་དུ་མཚོན་ན།  ཆོས་དུག་ཏུ་བལྟ་བའི་གུང་ཁྲན་སྲིད་གཞུང་གིས་དགོན་པར་དམག་མི་ཕོན་ཆེ་འགྲེམ་འཇོག་བྱས་ནས་དུས་རྟག་ཏུ་དགེ་བཙུན་རྣམས་ཀྱི་ཆོས་ལུགས་ཀྱི་བྱེད་སྒོར་སུན་གཙེར་དམ་བསྒྲགས་ཚབས་ཆེ་བྱེད་ཅིང་།  དགེ་བཙུན་རྣམས་ལ་བཙན་བཀའ་བཏང་ནས་གུང་ཁྲན་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་སྤེལ་བ་དང་ཆབས་ཅིག  བོད་མི་ཡོངས་ཀྱི་མགོན་སྐྱབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད་ཞུ་འཇུག་པ་སོགས་ཆོས་དད་དང་འཆམ་མཐུན་གྱི་དྲི་ཙམ་ཡང་མེད་པའི་བྱེད་བབ་ཞིག་ལག་བསྟར་བྱེད་བཞིན་དུ་གཞུང་ཚབ་པས་ཞི་བདེ་དང་འཆམ་མཐུན་ཟེར་བ་དེ་གང་འདྲ་ཞིག་ལ་ཟེར་བ་རེད་དམ།   

ད་དུང་ཁོ་པས་རྒྱ་ནག་གིས་དུས་ནམ་ཡང་རྒྱལ་ཁབ་གཞན་གྱི་ས་མཚམས་སུ་དཔུང་འཇུག་རྒྱ་སྐྱེད་བྱེད་མྱོང་མེད་ཅིང་།  སྟོབས་ཤུགས་ངོམས་ནས་དབང་ཆ་བདག་ཐོབ་བྱེད་ཐབས་རྩ་བ་ཉིད་ནས་བྱེད་ཀྱི་མ་རེད། ཅེས་བཤད། དེ་ལྟར་ན་རྒྱ་ནག་གཞུང་གིས་བོད་སར་དབང་སྒྱུར་བྱེད་པ་དེ་ཁྲིམས་འགལ་གྱིས་དབང་སྒྱུར་བྱེད་པ་ཞིག་མིན་ནམ། རྒྱ་ནག་གི་དབང་སྒྱུར་འོག་བོད་མི་ས་ཡ་གཅིག་ལྷག་གི་ཚེ་སྲོག་ཤོར་དགོས་དོན་གང་རེད། ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་རྒྱ་གར་ནང་བྲོས་བྱོལ་དུ་ཕེབས་དགོས་དོན་གང་ཡིན།  བོད་ཙམ་མ་ཟད་རྒྱ་གར་གྱི་ས་མཚམས་སུའང་རྒྱ་ནག་གིས་ཕྱི་ལོ་ ༡༩༦༢ ལོར་བཙན་འཛུལ་བྱས་པ་ནས་བཟུང་ད་བར་དཔུང་འཇུག་ཡང་ཡང་བྱེད་བཞིན་པ་དེར་ཁྱེད་ལྟར་ན་འགྲེལ་བརྗོད་ཇི་ལྟར་བྱེད་དམ།  ལྷོ་རྒྱ་ནག་རྒྱ་མཚོ་ཟེར་བའི་མཚོ་ཁུལ་དུ་ལོ་རྒྱུས་ཀྱི་འཁྱོག་བཤད་དང་སྦྲགས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་དང་ཡོངས་སུ་འགལ་བའི་ཤོག་བུ་སྣུམ་བཟོས་ཀྱི་བྱེད་བབ་དེར་ཁྱེད་ལྟར་ན་ཤོད་རྒྱུ་ཞིག་ཨེ་ཡོད།  ལྷག་པར་རྒྱ་ནག་གཞུང་གིས་ཉེ་ལམ་ནས་བཟུང་རྒྱུད་གཅིག་ལམ་གཅིག་ཟེར་བའི་ཕྱི་ཚུལ་ལ་དཔལ་འབྱོར་འབྲེལ་ལམ་ཡར་རྒྱས་ཀྱི་སྲིད་བྱུས་ལ།  དོན་དངོས་ལྷོ་ཨེ་ཤི་ཡ་དང་ཨ་ཕི་རི་ཁའི་རྒྱལ་ཁབ་དེ་དག་བུ་ལོན་གྱི་ལྕགས་སྒྲོག་རྒྱག་ཐབས་བྱེད་པ་ཞིག་མིན་ན་གང་རེད།  ཕྱོགས་མཚུངས་རྒྱ་ནག་གཞུང་གིས་རང་དོན་ཁོག་བཅུག་གིས་རྒྱལ་སྤྱིའི་ས་གནས་གང་སར་ཁུང་ཙི་བསྟི་གནས་ཁང་ཟེར་བ་བཙུགས་ཡོད་ཀྱང་ད་ཆ་རྒྱལ་སྤྱི་གཉིད་ལས་བསད་སྟབས། ཁུང་ཙི་བསྟི་གནས་ཁང་དེ་དག་གཅིག་མཇུག་གཉིས་མཐུད་ཀྱི་སྒོ་བརྒྱབ་དང་རྒྱག་བཞིན་ཡོད།  ཁྱེད་ལྟར་ན་དེར་རྒྱུ་མཚན་ཤོད་རྒྱུ་ཞིག་འདུག་གམ།  མིག་སྔར་བལ་ཡུལ་ནང་དུ་རྒྱ་ནག་གཞུང་གི་བྱེད་བབ་དེ་གང་རེད།  བལ་གཞུང་དང་རྒྱ་ནག་གཞུང་དབར་ཉེས་ཅན་རྩིས་སྤྲོད་བྱ་རྒྱུའི་ཁྲིམས་ཡིག་གན་འཇོག་སྐབས་སྲིད་འཛིན་ཞི་ཅིང་པིང་ཁོ་པས།  རྒྱ་ནག་ཁ་བྲལ་གཏོང་ཐབས་བྱེད་མཁན་སུ་ཡིན་རུང་གང་ཟག་དེའི་ལུས་ཀྱི་ཆ་ཤས་ཚལ་པར་བཏང་ནས་རུས་ཐལ་དུ་བསྒྱུར་རྒྱུ་ཡིན། ཞེས་སྡིགས་མོ་བྱས་ཡོད།  བྱེད་བབ་དེ་དག་གཉིས་སྨན་ཞིག་ཡིན་ནམ།  ཞི་བདེའི་ལམ་བུར་ཡར་རྒྱས་ཀྱི་གོམ་སྟབས་ཞིག་ཆགས་པ་རེད་དམ།

ཐེ་ཝན་དང་ཧོང་ཀོང་མི་དམངས་ཀྱིས་མང་གཙོ་དང་རང་དབང་གི་དགོས་འདུན་བཏོན་པ་དེ་དག་ལ་རྒྱ་ནག་གཞུང་གིས་བརྩི་བཀུར་དང་ལེན་ཐོག་ལག་བསྟར་བྱ་རྒྱུའི་དུས་ལ་བབ་ཡོད།   རྒྱ་ནག་གུང་ཁྲན་དབང་འཛིན་པ་ཚོར་སྐབས་བབ་ལས་འགན་ནི་མི་དམངས་རྣམས་ཏོག་དབྱིབས་ནད་ཡམས་ལས་གྲོལ་ཐབས་བྱ་རྒྱུ་ལས་རང་སྐྱོན་འགེབ་སྲུང་ཆེད་སྨན་པ་དང་ནད་པ་ཁ་འགོག་ཐབས་བྱེད་ན་ཕན་ཐོགས་དེ་བས་མེད། དེ་ལས་རྒྱལ་སྤྱིའི་འཕྲོད་བསྟེན་ལས་ཁུངས་དང་འབྲེལ་བ་བྱས་ནས་ནད་ཡམས་ཞི་ཐབས་བྱེད་དགོས།  ནད་ཡམས་དེ་ད་ཆ་རྒྱལ་སྤྱིའི་ནད་ཡམས་ཞིག་ཏུ་གྱུར་ཟིན་སྟབས།  རྒྱལ་ཁབ་གཞན་སུས་ཀྱང་ཐེ་བྱུས་བྱེད་མི་ཆོག་པའི་རྒྱ་ནག་རྒྱལ་ནང་གི་གནད་དོན་ཞིག་ཡིན་ཟེར་ས་ལྷག་མེད།།

 

གོང་རྩོམ་དེ་ནི་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་སྒེར་གྱི་བསམ་ཚུལ་ཡིན་པ་ལས་འདི་ག་ལས་ཁུངས་ཀྱི་བམས་ཚུལ་ཡིན་པའི་ཁྱབ་པ་མེད། ཕྱི་དྲིལ་བོད་ཡིག་ཚན་པས་ཨིན་ཡིག་ནས་བོད་སྒྱུར་ཞུས།

 

Share with your friends










Submit