ཟླ་བ་ ༢ ཚེས ༡༤ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༤ རེས་གཟའ་པ་སངས།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ Jim McGovern མཆོག་དང་མཇལ་འཕྲད་གནང་སྟེ་ཁོང་གིས་དེ་སྔ་ ༢༠༡༩ ལོར་བོད་དོན་རྒྱབ་སྐྱོར་གྱི་བསྐྱར་ཞིབ་ཁྲིམས་འཆར་གསར་པ་བཏོན་པར་ཐུགས་རྗེ་ཆེ་ཞུས་འདུག

ཁོང་གིས་ཀྱང་དཔལ་ལྡན་སྲིད་སྐྱོང་མཆོག་ལ། བོད་དོན་ནི་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་དང་སྤྱི་མཐུན་ཚོགས་པ་གཉིས་ཀས་ཐུན་མོང་ཐོག་རྒྱབ་སྐྱོར་གནང་ཡུལ་གྱི་གནད་དོན་ཞིག་ཡིན་ཞིང་། ཁོང་དང་ཕྱག་སྦྲེལ་གྲོས་ཚོགས་འཐུས་མི་རྣམ་པས་མུ་མཐུད་བོད་དོན་དང་བོད་མིར་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཐབས་སུ་འབད་བརྩོད་གནང་རྒྱུར་ཆོད་སེམས་བརྟན་པོ་ཡོད་སྐོར་གསུངས།

ཕྱོགས་མཚུངས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ལས་བྱེད་ཚན་པའི་འགན་འཛིན་སྐུ་ཞབས་ Jonathan Stivers མཆོག་གིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་གསུང་དོན། འབྱུང་འགྱུར་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་འཁེལ་བཞིན་ཡོད་སྟབས། དེ་ཉིན་ཨ་རིའི་གྲོས་ཚོགས་རྒྱ་ནག་ལས་དོན་ཚོགས་ཆུང་གི་གོ་སྒྲིག་འོག  གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་སྐོར་ཉན་ཞིབ་ལས་རིམ་ཞིག་གོ་སྒྲིག་ཞུ་འཆར་ཡོད་པ་དང་། རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཀག་ཉར་འོག་གར་སོང་ཆ་མེད་དུ་གྱུར་སྟབས་འཛམ་གླིང་ནང་ཆབ་སྲིད་བཙོན་པ་ལོ་སྣ་ཆུང་ཤོས་ཆགས་ཡོད། ཅེས་གསུངས། 

ཨ་རིའི་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག འདི་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༥ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོར་སྐུ་ཞབས་ཇིམ་མེག་གྷོ་ཝན་ Jim McGovern མཆོག་ལ་མགྲོན་འབོད་ལྟར་ཕེབས་རྒྱུའི་ཞལ་བཞེས་གནང་འདུག་པ་བཅས། ། 

Share with your friends










Submit