ཟླ་བ་ ༢ ཚེས ༡༢ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༢ རེས་གཟའ་ལྷག་པ།

༄༅། །དིལླཱི་མངའ་སྡེའི་གྲོས་ཚོགས་ཀྱི་འོས་བསྡུའི་རྒྱལ་ཁ་མང་མོས་ཐོག་སྐུ་ཞབས་ཨར་ཝིནྡ་ཀེཇི་རི་ཝལ་ Arvind Kejriwal མཆོག་གིས་སྣེ་ཁྲིད་པའི་ཨཱམ་ཨདྨི་ཆབ་སྲིད་ཚོགས་པར་Aam Aadmi Party ཐོབ་པར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དིལླཱི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཨར་ཝིནྡ་ཀེཇི་རི་ཝལ་མཆོག་ལ་འཚམས་འདྲིའི་ཡི་གེ་ཞིག་གནང་བའི་ནང་འཁོད་དོན། སྐུ་ཉིད་ཀྱིས་གཙོས་ཨཱམ་ཨདྨི་ཆབ་སྲིད་ཚོགས་པར་དིལླཱི་མངའ་སྡེའི་གྲོས་ཚོགས་ནང་རྒྱལ་ཁ་ཐོབ་པར་ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

སྐུ་ཉིད་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པ་དེས་དིལླཱི་མི་མང་གིས་སྐུ་ཉིད་ཀྱི་དབུ་ཁྲིད་ཀྱི་ནུས་པ་དང་ཨཱམ་ཨདྨི་ཆབ་སྲིད་ཚོགས་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་མཚོན། དིལླཱི་མངའ་སྡེ་གཞུང་གིས་བོད་མི་ཚོ་དང་ལྷག་པར་དིལླཱི་བོད་སྒར་བསམ་ཡས་གླིང་གི་མི་མང་ཚོར་མཐུན་འགྱུར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་མཛད་པ་ལྟར་བློན་ཆེན་མཆོག་གིས་དིལླཱི་གཞུང་གི་སློབ་གྲྭ་ཁག་གི་ནང་དུ་བདེ་སྐྱིད་སྐྲུན་ཐབས་ Happiness Curriculum ཞེས་པའི་བསླབ་གཞི་ལག་བསྟར་གནང་བར་རྗེས་སུ་ཡི་རང་ཞུ་གི་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དིལླཱི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་སྐུ་ཞབས་མ་ནིཤ་སི་སོ་ཌི་ཡ་ Manish Sisodia མཆོག་གིས་བདེ་སྐྱིད་སྐྲུན་ཐབས་ཞེས་པའི་བསླབ་གཞི་དབུ་འབྱེད་གནང་སྐབས། མགོན་པོ་གང་ཉིད་མཆོག་གིས་མིའི་སེམས་རྒྱུད་ཞི་ཞིང་དུལ་བ་ཡོང་ཐབས་སུ་དམིགས་ཏེ་ཤེས་ཡོན་སྤྲོད་དགོས་པ་གལ་ཆེན་ཡིན་པའི་སྐོར་བཀའ་སློབ་སྩལ་ཡོད། ངས་སྐུ་ཉིད་མཆོག་ལ་སླར་ཡང་སྙིང་ཁུང་རུས་པའི་གཏིང་ནས་འཚམས་འདྲི་ཞུ་བ་དང་སྦྲགས། མ་འོངས་པའི་ལས་དོན་གང་ཅིར་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ། ཞེས་འཁོད་འདུག །

Share with your friends










Submit