ཟླ་བ་ ༢ ཚེས ༢༡ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༢༡ རེས་གཟའ་པ་སངས།

 

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་རྒྱལ་ལོ་ ༢༡༤༧ རབ་གནས་ལྕགས་བྱི་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ་གཞིས་བྱེས་བོད་མི་ཡོངས་ལ་འཚམས་འདྲི་གནང་དོན། བོད་རྒྱལ་ལོ་ ༢༡༤༧ རབ་གནས་ལྕགས་བྱི་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ་གཞིས་བྱེས་བོད་མི་ཡོངས་ལ་ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ལོ་གསར་པའི་ནང་སྐུ་ཁམས་བཟང་ཞིང་བྱ་བ་ལམ་ལྷོངས་ཡོང་བ། བསམ་དོན་ལྷུན་གྱིས་འགྲུབ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན།

ད་རེས་ལོ་གསར་སྐབས་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགུང་སྐེག་དངོས་གཞི་རྫོགས་འགྲོ་ཡི་ཡོད་པ་མ་ཟད། མགོན་པོ་གང་ཉིད་མཆོག་དགུང་གྲངས་ ༨༥ ལ་ཕེབས་ཀྱི་ཡོད་པར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནས་གལ་ཆེན་པོ་བརྩིས་ཏེ་ལོ་འདི་ཉིད་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན། ཚང་མས་བཀའ་དྲིན་རྗེས་དྲན་དུ་༸རྒྱལ་བ་རིན་པོ་ཆེའི་སྐུའི་རླབས་ཆེན་གྱི་མཛད་ཁུར་མཐའ་ཡས་པ་ལས་གཙོ་བོ་བཞི་གང་ཡིན་པ་དེ་དག་མཁྱེན་དགོས་པ་དང་། བཀའ་དགོངས་གཞིར་བཟུང་བོད་མི་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་ཞུ་རྒྱུ་དང་།

དེང་སྐབས་བོད་ནང་ཏོག་དབྱིབས་ནད་དུག་ཁྱབ་བཞིན་ཡོད་སྟབས། ང་ཚོའི་ངོས་ནས་ཀྱང་སེམས་འཚབ་ཧ་ཅང་བྱེད་ཀྱི་ཡོད། ལོ་གསར་སྐབས་བོད་ནང་ནམ་རྒྱུན་ནང་བཞིན་མི་ཚོགས་མང་པོ་འདུ་འཛོམས་དང་སྤྲོ་སྐྱིད་ཆེན་པོ་རིགས་གཏང་རྒྱུ་ཧ་ཅང་ཁག་པོ་རེད།  འོན་ཀྱང་བོད་ནང་ཏོག་དབྱིབས་ནད་དུག་གང་མགྱོགས་མེད་པར་གྱུར་ཅིག་ཅེས་སྨོན་འདུན་ཞུ་རྒྱུ་དང་། ཚང་མས་ལོ་གསར་སྐབས་སྤྲོ་བོ་གནང་རོགས། ལྷག་པར་གཞིས་བྱེས་བོད་མི་མཉམ་འཛོམས་ཡོང་བའི་སྨོན་འདུན་དང་འབད་བརྩོན་གནང་རོགས།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཡུན་རིང་བརྟན་ཅིང་གཞིས་བཞུགས་བོད་མི་རྣམས་ཀྱི་མངོན་འདོད་འགྲུབ་པར་ཤོག་ཅེས་སྨོན་འདུན་ཞུ་བ་དང་སྦྲགས། སླར་ཡང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ནས་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། །

  •  
  •  
  •  
  •  
  •