ཟླ་བ་ ༢ ཚེས ༡༢ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༢ རེས་གཟའ་ལྷག་པ།

 

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༢ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། རྒྱ་གར་རྒྱལ་ས་ལྡི་ལི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཨར་ཝིན་ཀེ་ཇི་རི་ཝལ་ Arvind Kejriwal མཆོག་དང་། ཁོང་གི་སྲིད་དོན་ཚོགས་པར་ Aam Aadmi Party ལྡི་ལི་མངའ་སྡེའི་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ཐོག་ཚད་མཐོའིརྒྱལ་ཁ་ཐོབ་པ་དང་། སྐུ་ཞབས་ཁོང་ཐེངས་གསུམ་བསྟུད་མར་སྤྱི་ཁྱབ་བློན་ཆེན་དུ་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་གནང་ཡོད།

དཔལ་ལྡན་ཚོགས་གཞོན་མཆོག་གིས་སྐུ་ཞབས་ཨར་ཝིན་ཀེ་ཇི་རི་ཝལ་མཆོག་ལ་ཕུལ་བའི་འཚམས་འཕྲིན་ནང་འཁོད་དོན། སྐུ་ཉིད་དང་། སྐུ་ཉིད་ཀྱི་སྲིད་དོན་ཚོགས་པས་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་ད་བར་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་བར་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཁག་རྒྱལ་ས་ལྡི་ལིར་ཆེད་བཅར་སྐབས་སྐུ་ཉིད་ཐེངས་ཁ་ཤས་མཇལ་འཕྲད་གནང་རྒྱུའི་གོ་སྐབས་གནང་བར་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་གང་མགྱོགས་སྐུ་ཞབས་ཁྱེད་དང་སླར་ཡང་མཇལ་འཕྲད་གནང་རྒྱུའི་རེ་བ་བྱེད་བཞིན་ཡོད།

བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གཞིར་བཟུང་། ཁྱེད་ཀྱི་མངའ་སྡེའི་གཞུང་ནས་གཞོན་སྐྱེས་རྣམས་མ་འོངས་པར་བདེ་སྐྱིད་ལྡན་པ་ཞིག་དང་། གདེང་ཚོད་ཡོད་པ། ཆོག་ཤེས་ལྡན་པ། བཟང་སྤྱོད་གོང་མཐོར་བཅས་གཏོང་ཐབས་སླད། མངའ་གཞུང་གི་སྟངས་འཛིན་འོག་ཡོད་པའི་སློབ་གྲྭ་ཁག་གི་སྔོན་འགྲོ་ནས་འཛིན་རིམ་བརྒྱད་པ་བར་ལ་མི་ཚེའི་ནང་བདེ་སྐྱིད་བསྐྲུན་ཐབས་ཀྱི་སློབ་ཚན་ Happiness Curriculum སློབ་འཁྲིད་གནང་རྒྱུ་གཏན་འབེབས་ཀྱིས་ལག་ལེན་བསྟར་བཞིན་ཡོད།

ད་བར་ཁྱེད་དང་། ཁྱེད་ཀྱིས་སྲིད་དོན་ཚོགས་པས་བོད་དོན་ཐོག་རྒྱབ་སྐྱོར་གནང་བཞིན་ཡོད་པ་དང་། མ་འོངས་པར་ཡང་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་བ་ཞུ་གི་ཡོད། དེ་བཞིན་ཁྱེད་ཀྱིས་དབུ་འཁྲིད་པའི་ལྡི་ལི་མངའ་གཞུང་ནས་བོད་སྒར་བསམ་ཡས་གླིང་དང་། བྷུཏ་བྷི་ཧར་གཙོ་བོར་གྱུར་བའི་ལྡི་ལི་ཁུལ་དུ་གནས་སྡོད་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་གནང་བཞིན་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༦ ལོར་བོད་མིའི་དགུན་ཁའི་སུད་ཚོང་ས་གནས་ལལ་ཀི་ལར་ Lal Quila མེ་སྐྱོན་ཚབས་ཆེ་བྱུང་སྐབས། ཁྱེད་ཀྱིས་མངའ་གཞུང་ནས་དམིགས་བསལ་གྱིས་ཐུགས་འཁུར་བཞེས་ཏེ་རོགས་རམ་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱེད་ཀྱིས་མུ་མཐུད་ལྡི་ལིར་གནས་སྡོད་བོད་མི་རྣམས་ལ་མཐུན་འགྱུར་གནང་སྐྱོང་ཡོང་བའི་རེ་བ་ཡོད།

ལྡི་ལི་ས་གནས་མི་མང་གིས་ཁྱེད་ལ་བཅོལ་བའི་ཡིད་ཆེས་དང་། རེ་བ་བསྒྲུབ་ཐུབ་རྒྱུ་དང་། མ་འོངས་པའི་ལས་དོན་ཐམས་ཅད་ལམ་ལྷོངས་ལྡན་པ་ཡོང་བའི་སྨོན་འདུན་བཅས་ཞུ་རྒྱུ་ཡིན།  སླར་ཡང་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་ལྡི་ལི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་བསྐྱར་དུ་བདམས་ཐོན་བྱུང་བར་འཚམས་འདྲི་ཞུ་རྒྱུ་ཡིན། ཞེས་འཁོད་འདུག

Share with your friends










Submit