ཟླ་བ་ ༢ ཚེས ༡༠ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༠ རེས་གཟའ་ཟླ་བ། 

 

༄༅། ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༣ ཉིན་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་མཆོག་གི་རྒྱལ་ཡོངས་གསུང་བཤད་ State of the National Address  ཐོག་མཉམ་ཞུགས་གནང་རྒྱུར་ཡུལ་དེའི་སྲིད་དོན་ཚོགས་པ་ཨིན་ཀ་ཐ་རང་དབང་ཚོགས་པ་ Inkatha Freedom Party ཞེས་པས་གདན་ཞུས་གནང་བ་ལྟར་ཆེད་ཕེབས་གནང་གཏན་འཁེལ་ཡོད།

སྤྱིར་ལྷོ་ཨ་ཕི་རི་ཀའི་ལོ་རེའི་གྲོས་ཚོགས་དབུ་འཛུགས་སྐབས། སྲིད་འཛིན་མཆོག་གིས་རྒྱལ་ཡོངས་གསུང་བཤད་གནང་སྲོལ་ཡོད་ཅིང་། དེའི་སྐབས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམ་པ་མཉམ་ཞུགས་ཐོག་སྲིད་འཛིན་མཆོག་གིས་ད་ལྟའི་རྒྱལ་ཁབ་ཀྱི་ཆབ་སྲིད་དང་། དཔལ་འབྱོར་གྱི་གནས་སྟངས་སྐོར་སོགས་གསུང་བཤད་གནང་གི་ཡོད་འདུག

དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ཚེས་ ༡༠ ཉིན་གྱི་ཕྱི་དྲོ་བཞུགས་སྒར་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༡ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༩།༢༥ ཐོག་ལྡི་ལི་རྒྱལ་སྤྱིའི་གནམ་ཐང་ནས་དྷུ་པེ་ Dubaiབརྒྱུད་ལྷོ་ཨ་ཕི་རི་ཀར་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༡༣ ཉིན་ Inkatha Freedom Party སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་དང་། ཕྱི་དྲོ་སྲིད་འཛིན་མཆོག་གི་རྒྱལ་ཡོངས་གསུང་བཤད་ཐོག་མཉམ་ཞུགས་གནང་རྒྱུ། ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོ་ “རྒྱ་དམར་གྱིས་བོད་ས་བཙན་བཟུང་བྱས་རྗེས་རྒྱ་གར་ནང་བཙན་བྱོལ་བོད་མིའི་སྒྲིག་འཛུགས།” ཞེས་པའི་བརྗོད་གཞིའི་ཐོག་ས་གནས་མི་མང་རྣམས་ལ་གསུང་བཤད་གནང་རྒྱུ་དང་། ཕྱི་དྲོ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་ལྷན་གསོལ་ཚིགས་དང་བསྟུན། ཚོགས་འདུའི་ཐོག་གསུང་བཤད་གནང་རྒྱུ། ཕྱི་ཚེས་ ༡༥ ཉིན་ལྷོ་ཨ་ཕི་རི་ཀའི་རྒྱལ་ས་ཇོཧ་ན་ས་བྷག་ལ་ཕེབས་ཐོན་གྱིས་ས་གནས་སུ་མཛད་འཆར། ཕྱི་ཚེས་ ༡༧ ཉིན་རྒྱ་གར་ལ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །

Share with your friends










Submit