ཟླ་བ་ ༡ ཚེས ༡༠ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༠ རེས་གཟའ་པ་སངས། 

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༨ རེས་གཟའ་ལྷག་པའི་ཉིན་ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མེ་ཊིའོ་ལན་ཇཡེ་བྷེ་ཡན་ཆི་ Matteo Lungi Bianchi མཆོག་གིས་ཨི་ཊ་ལིའི་གྲོས་ཚོགས་ནང་རྒྱ་ནག་གཞུང་གིས་བོད་དང་ཧོང་ཀོང་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་ཐོག་སེམས་འཚབ་ཀྱིས་འདྲི་རྩད་གནང་འདུག

སྐབས་དེར་སྐུ་ཞབས་ཁོང་གིས་རྒྱ་ནག་གཞུང་གིས་འཛིན་བཞིན་པའི་དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་དྲག་པོའི་བྱ་སྤྱོད་འདི་བཞིན་ལོ་རྒྱུས་ཁྲོད་ཆེས་གསར་པ་གང་ཡང་མིན་སྐོར་དང་། དེ་སྔོན་ཕྱི་ལོ་ ༡༩༥༠ ལོར་རྒྱ་གཞུང་གིས་བོད་མིར་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་གསར་བསྐྲུན་ཆེད་རྒྱ་ནག་ནས་བོད་ཀྱི་རྒྱལ་ས་ལྷ་སའི་བར་གཞུང་ལམ་བཟོ་རྒྱུའི་ཁས་ལེན་བྱས་ཡོད་ཀྱང། དོན་དམ་དུ་དེ་ལས་ལྡོག་སྟེ་རྒྱ་གཞུང་གིས་བོད་ས་ཡོངས་རྫོགས་དབང་སྒྱུར་དང་མི་གསོད་ཁྲག་སྦྱོར་ལ་སོགས་རྐྱེན་པས་ཕྱི་ལོ་ ༡༩༥༩ ཟླ་ ༣ ནང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་ཚབས་ཆེ་བྱེད་པར་བརྟེན་འཛམ་གླིང་ཞི་བདེའི་དེད་དཔོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་སེར་སྐྱ་མང་པོ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་པ་བྱུང་ཡོད་སྐོར་དང་།

དེ་ནས་ཁོང་གིས་རྒྱ་ནག་གཞུང་གིས་བོད་དང་ཧོང་ཀོང་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནས་སྟངས་ཁག་ཨི་ཊ་ལི་གཞུང་ནས་བཟོད་བསྲན་གནང་ཐུབ་མིན་ཐད་འདྲི་རྩད་ནན་པོ་གནང་བ་མ་ཟད། ཨི་ཊ་ལིའི་གཞུང་ངོས་ནས་བོད་དོན་ཐད་ལངས་ཕྱོགས་ཁ་གསལ་ཞིག་བཟུང་དགོས། 

སྤྱིར་ཨི་ཊ་ལི་རྒྱལ་ཁབ་ནི་ G7 སྟོབས་ཆེན་རྒྱལ་ཁབ་ཀྱི་ཚོགས་མི་ཞིག་ཡིན་པའི་ཆ་ནས་གནས་སྟངས་ཅི་འདྲ་ཞིག་གི་ཐོག་རང་དབང་ལྡན་པའི་ངང་ལངས་ཕྱོགས་གསལ་པོ་འཛིན་རྒྱུའི་འགན་ཞིག་ཡོད་པ་དང་། ཕྱོགས་མཚུངས་རྒྱ་ནག་ནི་ཨི་ཊ་ལའི་ཚོང་འབྲེལ་ལམ་ནས་འབྲེལ་བ་ཞིག་ཡོད་སྟབས། རྒྱལ་ཁབ་ཀྱི་རྩ་དོན་གཞི་རྩར་བཟུང་ནས་བོད་ཐོག་སྲིད་བྱུས་ལངས་ཕྱོགས་བརྟན་པོ་ཞིག་དགོས། ཞེས་གསུངས། །