ཟླ་བ་ ༡ ཚེས ༢༩ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༩ རེས་གཟའ་ལྷག་པ།

༄༅། །ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ལ་བསྐྱར་ཞིབ་ཁྲིམས་འཆར་གསར་པ་ Tibetan Policy and Support Act ལ་རྒྱབ་སྐྱོར་ཡོད་མེད་འོས་ཤོག་འཕེན་སྐབས་ཚད་མཐོའི་མང་མོས་ཐོག་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་འདུག  དེ་སྔ་ཕྱི་ལོ་ ༢༠༠༢ ལོར་ཨ་རིའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ Tibetan Policy Act 2002 ཞེས་པ་གཏན་འབེབས་གནང་རྗེས། ཐེངས་འདིར་སྲིད་བྱུས་དེར་བསྐྱར་ཞིབ་ཁྲིམས་འཆར་གསར་པར་རྒྱབ་སྐྱོར་ཤུགས་ཆེ་ཤོས་གཉིས་པ་དེ་ཆགས་འདུག  བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ལ་བསྐྱར་ཞིབ་ཁྲིམས་འཆར་གསར་པ་དེས།  ཨ་རིའི་གྲོས་ཚོགས་ཀྱིས་བོད་མིའི་སྒྲིག་འཛུགས་ནི་དོན་དམ་བོད་མིའི་སྐུ་ཚབ་མཚོན་པའི་སྒྲིག་འཛུགས་ཞིག་ལ་ངོས་འཛིན་དང་། དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར།   བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་པ་བཅས་ལ་ཚད་མཐོའི་མང་མོས་ཀྱིས་རྒྱབ་སྐྱོར་ཡོད་པ་གསལ་འདོན་གནང་བ་ཞིག་ཡིན།  དེའང་སྲིད་བྱུས་དེ་བརྒྱུད་ཨ་རིའི་གྲོས་ཚོགས་ཀྱིས།  བོད་མིའི་ཆོས་དད་རང་དབང་དང་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ། བོད་ནང་དུ་བོད་མིའི་གཞི་རྩའི་རང་དབང་བསྐྱར་གསོའི་ལས་དོན་ཐོག་ཚད་མཐོའི་རྒྱབ་སྐྱོར་གནང་བ་ཞིག་ཆགས་ཡོད།

དེར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་ལོ་ ༢༠༢༠ ཟླ་  ༡ ཚེས་ ༢༩ རེས་གཟའ་ལྷག་པའི་ཉིན་གུང་ཆུ་ཆོད་ ༡༢།༢༠ ཙམ་ལ་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཕྱི་དྲིལ་དྲུང་ཆེ་རྣམ་གཉིས་ལྷན་འཛོམས་ཐོག གསར་འགོད་གསལ་བསྒྲགས་ཤིག་སྤེལ་དོན། “ངས་བོད་མི་ས་ཡ་དྲུག་གི་ཚབ་ཞུས་ནས་ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྦྲེལ་པོ་དང་། གྲོས་ཚོགས་འོག་མའི་ནང་གྲོས་ཆོད་བསྣམས་ཕེབས་མཁན་ཡོངས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ” ཞེས་གསུང་པ་མ་ཟད།  སྲིད་སྐྱོང་མཆོག་གིས་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་Nancy Pelosi མཆོག་དང་། གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་Jim McGovern མཆོག  གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་ཁི་རི་སི་སི་མི་ཐི་ Chris Smith མཆོག  དེ་བཞིན་ཡུན་རིང་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་ཊེཌ་ཡོ་ཧོ་ Ted Yoho མཆོག་བཅས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུས་འདུག  ཕྱོགས་མཚུངས་ཁྲིམས་འཆར་དེ་བཞིན་འདི་ལོའི་ཕྱི་ཟླ་ ༦ ནང་ཚུད་ལ་ཁྲིམས་སུ་གཏན་འབེབས་ལག་བསྟར་གནང་ཐུབ་པའི་རེ་བ་ཡོད་སྐོར་གསུངས། 

གཞན་ཡང་སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གཙོ་བོར་གྱུར་བའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་དངོས་ཤུགས་བརྒྱུད་ནས་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ལ་བསྐྱར་ཞིབ་ཁྲིམས་འཆར་གསར་པ་ Tibetan Policy and Support Act ལ་རྒྱབ་སྐྱོར་ཐོབ་ཆེད་འབད་བརྩོན་གནང་དང་གནང་མུས་ལའང་ཐུགས་རྗེ་ཆེ་གསུངས།

སྤྱིར་སྔ་ལོའི་ཕྱི་ཟླ་ ༩ ནང་སྲིད་སྐྱོང་མཆོག་གིས་ཌི་སི་ཁུལ་དུ་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ལ་བསྐྱར་ཞིབ་ཁྲིམས་འཆར་གསར་པར་གྲོས་ཚོགས་ནང་རྒྱབ་སྐྱོར་ཐོབ་ཆེད་ལས་འགུལ་ཤུགས་ཆེ་སྤེལ་གནང་འདུག སྐབས་དེར་ཁོང་གིས་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་གིས་གཙོས་གྲོས་ཚོགས་གོང་འོག་གི་འཐུས་མི་ ༢༡ མཇལ་འཕྲད་གནང་ནས་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ལ་བསྐྱར་ཞིབ་ཁྲིམས་འཆར་གསར་པ་ Tibetan Policy and Support Act དེར་རྒྱབ་སྐྱོར་གནང་དགོས་པའི་གྲོས་ཚོགས་ཀྱི་ཚོགས་མི་གྲངས་ ༥༣༥ ཡོད་པ་ཚང་མར་དོན་ཁང་བརྒྱུད་འབོད་སྐུལ་ཞུ་ཡིག་ཕུལ་གནང་འདུག

དེ་ཡང་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ Jim McGovern མཆོག་གིས་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ལ་བསྐྱར་ཞིབ་ཁྲིམས་འཆར་གསར་པ་དེ་གྲོས་ཚོགས་ནང་ངོ་སྤྲོད་གནང་སྐབས་གསུང་དོན།  བོད་མིའི་སྒྲིག་འཛུགས་ནི་དོན་དམ་བོད་མིའི་སྐུ་ཚབ་མཚོན་པའི་སྒྲིག་འཛུགས་ཤིག་ཡིན་ཞིང་། སྒྲིག་འཛུགས་དེས་བོད་མིའི་མངོན་འདོད་མཚོན་ཐུབ། ང་ཚོས་རྒྱ་ནག་དང་འབྲེལ་བ་བཟང་པོ་ཞིག་སྐྲུན་དགོས་པ་ནི་ཧ་ཅང་གལ་ཆེ་ཡིན་པ་སྨོས་མེད་རེད།  འོན་ཀྱང་རྒྱ་ནག་གཞུང་གིས་སོ་སོའི་མི་སེར་གྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ངེས་པར་ཞུ་དགོས་པ་རེད། ཅེས་གསུངས།

ཕྱོགས་མཚུངས་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨེ་ལེ་ནོར་ཧོམ་ Eleanor Holmes མཆོག་གིས་གསུང་དོན།  བོད་མི་ཚོར་རང་དབང་མ་ཐོབ་བར་དུ་ཨ་རིའི་གཞུང་གིས་རྒྱབ་སྐྱོར་མུ་མཐུད་བྱ་རྒྱུ་རེད།  ཅེས་གསུངས། 

གྲོས་ཚོགས་འཐུས་མི་ཊེཌ་ཡོ་ཧོ་མཆོག་གིས་གསུང་དོན། བོད་དོན་ཐོག་སླེབས་སྐབས་ཨ་རིའི་གྲོས་ཚོགས་ནང་མང་གཙོ་དང་སྤྱི་མཐུན་ཚོགས་པ་ཐུན་མོང་ཐོག་ནས་རྒྱབ་སྐྱོར་གནང་བཞིན་ཡོད། ཅེས་གསུང་པ་དང་སྦྲགས།  གྲོས་ཚོགས་ཀྱི་ཚོགས་མི་ཚོས་བརྙན་འཕྲིན་གྱི་ལམ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ཞུ་དགོས་པའི་བསམ་འཆར་བཏོན་འདུག  

ཕྱོགས་མཚུངས་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་གིས་གསུང་དོན།  བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་པ་ལྟར། བོད་མིའི་ངོ་བོ་མཚོན་པའི་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་དུ་འགྲོ་རྒྱུའི་ཉེན་ཁའི་སྒང་ལ་སླེབས་ཡོད།  གལ་ཏེ་ང་ཚོས་ཚོང་གི་ཁེ་ཕན་ལ་བལྟས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་སྐད་ཆ་བཤད་མ་ཐུབ་པ་ཡིན་ན།  འཛམ་གླིང་ས་ཕྱོགས་གཞན་དང་གཞན་དུ་དེ་ལྟར་བཤད་རྒྱུའི་བཟང་སྤྱོད་ཀྱི་ཐོབ་ཐང་ཡོངས་རྫོགས་བརླག་པ་རེད།  ང་ཚོས་འདིར་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་པ་དང་། ཆོས་དད་རང་དབང་ལྡན་པའི་ཐོག་ནས་བོད་མི་ཚོས་མ་འོངས་པར་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༥ མཆོག་གིས་མཚོན་བླ་སྤྲུལ་རྩད་གཅོད་ཞུ་རྒྱུའི་ཐོབ་ཐང་བཅས་ལ་རྒྱབ་སྐྱོར་ཞུ་སླད་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ལ་བསྐྱར་ཞིབ་ཁྲིམས་འཆར་གསར་པ་འདིར་གྲོས་ཚོགས་ནང་རྒྱབ་སྐྱོར་གནང་བ་ཞིག་ཡིན། ཞེས་གསུངས།

ཐེངས་འདིར་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ལ་བསྐྱར་ཞིབ་ཁྲིམས་འཆར་གསར་པ་དེར་གྲོས་ཚོགས་འཐུས་མི་ ༥༣༥ ཡོད་ཁོངས་ནས་གྲོས་ཚོགས་འཐུས་མི་ ༣༩༩ རྒྱབ་སྐྱོར་གནང་བར་བརྟེན་ཚད་མཐོའི་མང་མོས་ཀྱིས་རྒྱབ་སྐྱོར་ཐོབ་པའི་སྲིད་བྱུས་ཤིག་ཆགས་ཐུབ་ཡོད། 

དེ་སྔ་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ ༢༠༠༢ ཞེས་པ་གཏན་འབེབ་བྱུང་ཡོད་ཅིང་། སྲིད་བྱུས་དེར་བསྐྱར་ཞིབ་ཀྱི་ངོ་བོར་ཐེངས་འདིར་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༣ ཉིན་ཨ་རིའི་གྲོས་ཚོགས་ནང་ཐོག་མར་ངོས་སྤྲོད་གནང་རྗེས་ཕྱི་ཚེས་ ༢༨ ཉིན་ཚད་མཐོའི་མང་མོས་ཐོག་འོས་ཤོག་འཕེན་ནས་རྒྱབ་སྐྱོར་ཐོབ་པ་ཞིག་ཡིན་འདུག  བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ལ་བསྐྱར་ཞིབ་དགོས་པའི་གྲོས་ཆོད་དེར་མང་གཙོ་དང་སྤྱི་མཐུན་ཚོགས་པ་གཉིས་ནས་གྲོས་ཚོགས་འཐུས་མི་ ༣༥ རྒྱབ་སྐྱོར་འོག་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་ཁྲིམས་འཆར་དེ་བསྣམས་འཕེབས་པ་རེད་འདུག 

དེ་ཡང་ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་གསུང་དོན། གནས་ཚུལ་འདི་ནི་འཛམ་གླིང་ས་ཕྱོགས་གང་སར་གནས་འཁོད་བོད་མི་ཚང་མས་དགའ་སྤོབས་བྱེད་དགོས་པ་ཞིག་ཆགས་ཡོད། གྲོས་ཚོགས་འོག་མའི་འཐུས་མི་རྣམས་ལ་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་དོན་ལ་རྒྱབ་སྐྱོར་གནང་བ་དེ་ནི་དྲང་བདེན་དང་འཚེ་མེད་ཞི་བ། འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་བ་ཞིག་ཡིན།  རྒྱ་ནག་གཞུང་ལའང་བོད་དོན་ཐོག་ལ་ཨ་རིའི་གཞུང་གིས་རྒྱབ་སྐྱོར་ཇི་ཙམ་གནང་བཞིན་ཡོད་པའི་བརྡ་ལན་ཤུགས་ཆེ་བཏང་བ་ཞིག་ཀྱང་རེད།  ད་ཆ་གྲོས་ཚོགས་གོང་མའི་ནང་དུའང་། བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ལ་བསྐྱར་ཞིབ་ཁྲིམས་འཆར་གསར་པ་དེར་རྒྱབ་སྐྱོར་ཐོབ་རྒྱུར་ང་ཚོས་རེ་བ་ཞུ་བཞིན་ཡོད། ཅེས་གསུངས།

བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ལ་བསྐྱར་ཞིབ་ཁྲིམས་འཆར་གསར་པ་དེ་ཨ་རིའི་གྲོས་ཚོགས་གོང་མའི་ནང་གཏན་འབེབས་གནང་རྗེས་སྲིད་འཛིན་མཆོག་གིས་མཚན་རྟགས་བཀོད་ནས་ཁྲིམས་སུ་གཏན་འབེབས་གནང་དགོས་པ་རེད།

གསར་འགོད་གསལ་བསྒྲགས་ཐོག་སྲིད་སྐྱོང་མཆོག་གིས་ཕྱི་ཟླ་ ༢ ཉང་ཨ་རི་ཌི་སི་ས་ཁུལ་དུ་ཕེབས་ནས་གྲོས་ཚོགས་གོང་མའི་འཐུས་མི་རྣམས་དང་མཇལ་འཕྲད་གནང་ནས་གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་གནང་འཆར་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་འཕྲད་གནང་རྒྱུ་ཡིན་སྐོར་གསུངས་པ་བཅས།། 

 

 

Share with your friends










Submit