གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༨ རེས་གཟའ་ལྷག་པ།

༄༅། །ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བོད་ནང་དགུན་ཁའི་གུང་གསེང་རིང་སློབ་ཕྲུག་ཚོ་ཆོས་ཕྱོགས་ཀྱི་བྱེད་སྒོའི་ནང་མཉམ་ཞུགས་བྱེད་མི་ཆོག་པ་རྒྱ་ནག་གིས་བཀོད་ཁྱབ་བཏང་ཡོད་འདུག
དེ་ཡང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གི་སློབ་གྲྭ་ཞིག་གིས་ཁྱིམ་བདག་ཕ་མ་ཚོར། ཕྲུ་གུ་ཚོས་དགུན་ཁའི་གུང་གསེང་རིང་བྱེད་མི་ཆོག་པ་དོན་ཚན་བདུན་འཁོད་པའི་བརྡ་ཁྱབ་ཞིག་བཏང་བའི་ནང་། འདས་པའི་ལོ་དེའི་གྲུབ་འབྲས་དང་དེའི་ནང་ཡར་རྒྱས་གཏོང་དགོས་པའི་རིགས་ཅིག་དང་། ལྷག་པར་དུ་ཕ་མ་ཚོའི་ངོས་ནས་གུང་གསེང་རིང་ཕྲུ་གུ་ཚོར་ཁྱིམ་ཚང་ནང་རྒྱལ་ཞེན་དང་། རང་བྱུང་ཁོར་ཡུག་དང་འབྲེལ་བའི་ལྟད་མོའི་རིགས་སྟོན་དགོས་པ་དང་། ཕ་མ་དང་མཉམ་རང་ཁྱིམ་གྱི་ལས་ཀའི་རིགས་ལ་འཇུག་བཅུག་དགོས་པ་མ་ཟད། དེ་དག་རྩོམ་ཡིག་ནང་འབྲི་བཀོད་བྱེད་བཅུག་དགོས་པ།
ཡང་མི་ཆོག་པའི་དོན་ཚན་ཁག་གི་ནང་། གུང་གསེང་རིང་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་། ས་ཐག་རིང་པོར་འཁྲིད་མི་ཆོག་པ། གལ་སྲིད་དེ་ལྟར་བྱས་བ་ཡིན་ན་མཇུག་འབྲས་ཇི་ཡོང་ཕ་མ་ཚོས་འགན་འཁྱེར་དགོས་པ། ད་དུང་དྲ་རྒྱ་བེད་སྤྱོད་གཏོང་ཡུལ་གྱི་ཟ་ཁང་སོགས་ཀྱི་ནང་བསྐྱོད་མི་ཆོག་པ། རྒྱུན་དུ་གྲི་དང་གོ་མཚོན་རིགས་མཉམ་འཁྱེར་མི་ཆོག་པ། ཕྲུ་གུ་གཞན་ལ་གནོད་པའི་རིགས་བྱེད་མི་ཆོག་པ། དེ་བཞིན་ཕ་མའི་ངོས་ནས་འགོས་ནད་རིགས་ནས་སྲུང་སྐྱོབ་བྱེད་དགོས་པ། སོགས་ཀྱི་བཀོད་ཁྱབ་བཏང་ཡོད་པའི་གནས་ཚུལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤེལ་འདུག
ཉེ་སྔོན་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར། དགའ་ལྡན་ལྔ་མཆོད་ཀྱི་སྔོན་ལ་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ལྷ་སའི་སློབ་གྲྭ་ཁག་དང་ལས་ཁུངས་ཁག་ལ་བརྡ་ཁྱབ་ཅིག་བཏང་ནས། ལས་བྱེད་དང་སློབ་མ་ཚོ་ད་རེས་ཚེས་༢༠་དང་༢༡་ཉིན་བཞི་མཆོད་དང་ལྔ་མཆོད་ཀྱི་ཆོས་ཕྱོགས་བྱེད་སྒོ་སྤེལ་ཡུལ་དང་མི་ཚོགས་འདུ་འཛོམས་མང་སར་བསྐྱོད་མི་ཆོག་པ་དང་། གལ་ཏེ་མཉམ་ཞུགས་བྱས་པ་ཤེས་རྟོགས་བྱུང་ཚེ། རང་ཉིད་ཀྱིས་འགན་འཁུར་དགོས་པ་མ་ཟད། ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་ཡོད་འདུག
སྤྱིར་བཏང་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་ཕ་མ་དང་ཕྲུ་གུ་ཚོར་གོང་ཞུས་ཀྱི་བརྡ་ཁྱབ་དང་དམ་དྲག་བྱེད་པ་ཐེངས་དང་པོ་མ་ཡིན་པར་དེ་སྔ་ཡང་དམ་དྲག་བྱས་མྱོང་ཡོད་པ་རེད།

Share with your friends










Submit