གསར་ལས་ཁང་གི་གསར་འགོད་པས།
ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༥ རེས་གཟའ་ཉི་མ། 
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་གསུང་ཆོས་ར་བའི་ནང་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་ ༦༠༠ ཧྲིལ་པོ་འཁོར་བའི་བཀའ་དྲིན་རྗེས་དྲན་སླད་རི་བོ་དགེ་ལུགས་པའི་དགོན་སྡེ་ཁག་གཅིག་གི་གྲྭ་བཙུན་སློབ་གཉེར་པས་བློ་རྒྱུགས་ཕུལ་ཏེ་ཨང་རིམ་ཡང་རྩེར་སོན་པ་གྲངས་ ༥༠ རྣམས་དང་ལྷན་སྐུ་པར་བསྒྲོན་རྗེས་འཛམ་གླིང་གི་ཡུལ་གྲུ་འདྲ་མིན་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་༣༠༠༠༠ ལྷག་ལ་འཇམ་དབྱངས་ཆོས་སྐོར་ལས་རྗེ་བཙུན་མ་ནག་མོའི་བཀའ་དབང་བཀའ་དྲིན་སྩོལ་སྐབས་བཀའ་སློབ་སྩལ་དོན། དེ་རིང་འདིར་འཇམ་དབྱངས་ཆོས་སྐོར་གྱི་ནང་ཚན་ལྷག་པའི་ལྷ་རྗེ་བཙུན་མ་ནག་མོ་རེད། བྱང་ཆུབ་སེམས་དཔའ་ཞེས་ཞུ་བའི་ཚིག་ཁོ་རང་གི་ཐོག་ནས་ཤེས་རབ་ཀྱིས་བྱང་ཆུབ་ལ་དམིགས། སྙིང་རྗེས་སེམས་ཅན་ལ་དམིགས་ཟེར་དུས་ཞེ་དྲག་ཁྱབ་ཆེན་པོ་ཞིག་འདུག
དེ་ལྟ་བུའི་སེམས་དེར་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའི་སེམས་ཅན་མཐའ་དག་གི་སྡུག་བསྔལ་སེལ་རྒྱུ་དང་བདེ་བ་སྒྲུབ་རྒྱུའི་སྙིང་སྟོབས་ཕུལ་དུ་བྱུང་བ་ཡོད། དེ་ལྟ་བུའི་སེམས་དེ་ནམ་མཁའི་མཐར་ཐུག་པའི་སེམས་ཅན་ཐམས་ཅན་སྡུག་བསྔལ་རྒྱུ་དང་བཅས་པ་ལས་ཉེ་བར་ཞི་བའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་བསམ་པའི་བློ་འདི་འདྲ་ཅིག་རེད། ཁ་སང་ཞུས་ཟིན་པ་རེད། གང་ལྟར་བྱང་ཆུབ་ཀྱི་སེམས་ཟེར་བ་དེ་ཕན་པའི་བསམ་པ་མཐར་ཐུག་པ་རེད་འདུག
དེ་ཡང་ཤེས་རབ་ཀྱི་གྲོགས་དང་བཅས་པ་རེད་འདུག་པས་ཞེ་དྲག་ནུས་པ་ཆེན་པོ་རེད། ང་རང་ཚོས་མི་ལུས་ཐོབ་པ་དེ་དོན་དང་ལྡན་པ་ཞིག་བྱ་རྒྱུ་ཡིན་ན་བྱང་ཆུབ་ཀྱི་སེམས་བསྒོམ་དགོས་པ་རེད། ནམ་མཁའི་ཁམས་ཀྱི་མཐའི་གཏུགས་པའི་སེམས་ཅན་ལ་ཕན་བདེ་བསྒྲུབ་རྒྱུ་ཡིན་ནའང་བྱང་ཆུབ་ཀྱི་སེམས་བསྒོམ་དགོས་པ་རེད། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། ཅེས་གསུང་བ་ལྟར་རེད། འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་བྱང་ཆུབ་ཀྱི་སེམས་བསྒོམས་ནས་སངས་རྒྱས་པ་རེད། ད་ལྟ་འཚང་རྒྱ་བཞིན་པའི་དེ་དག་གིས་ཀྱང་བྱང་ཆུབ་ཀྱི་སེམས་བསྒོམས་ནས་འཚང་རྒྱ་དགོས་པ་རེད།
མ་འོངས་པ་འཚང་རྒྱ་བར་འགྱུར་བ་རྣམས་ཀྱིས་ཀྱང་བྱང་ཆུབ་ཀྱི་སེམས་བསྒོམས་ནས་འཚང་རྒྱ་དགོས་པ་འབའ་ཞིག་རེད་མ་གཏོགས་ལམ་གཉིས་པ་ཞིག་མི་འདུག འདུན་པ་བཟང་པོ་དང་བསམ་པ་བཟང་པོ་གཅིག་པུ་མ་ཡིན་པར་སོ་སོའི་ལག་ལེན་ཐོག་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་བསྒྲུབ་ཀྱི་ཡིན། བྱང་ཆུབ་སེམས་དཔའི་སྤྱོད་པ་བསླབ་ངེས་ཡིན་ཞེས་ཁས་ལེན་དམ་བཅའ་བྱས་ནས་ཉིན་རེ་བཞིན་དུ་ག་ཚོད་ཐུབ་ཐུབ་བྱང་ཆུབ་སེམས་པའི་སྤྱོད་པ་ཉམས་ལེན་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་འཇམ་དབྱངས་ཆོས་སྐོར་ལས་རྗེ་བཙུན་མ་ནག་མོའི་བཀའ་དབང་བཀའ་དྲིན་སྩལ་ཡོད་པ་བཅས། །
Share with your friends










Submit