ཟླ་བ་ ༡ ཚེས ༢༨ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

༢༠༢༠ ཟླ་ ༡ ཚེས་ ༢༨ རེས་གཟའ་མིག་དམར།

༄༅། །བོད་ཀྱི་དུས་བབ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང་འཁོད་དོན།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གིས་ནད་འགོས་ཡོད་མེད་བརྟག་དཔྱད་མི་བྱེད་མཁན་དང་། འགོས་ཡོད་པ་ཤེས་བཞིན་དུ་གསང་བ་བྱེད་པ་དང་ས་ཆ་གཞན་ལ་བྲོས་འགྲོ་མཁན་སོགས་ལ་ལོ་བདུན་གྱི་ཁྲིམས་ཐག་གཅོད་རྒྱུ་ཡིན་ཟེར།

རྒྱ་ནག་ཝུ་ཧན་གྱི་གློ་བའི་འགོས་ནད་གང་སར་ཁྱབ་བཞིན་པའི་སྐབས་འདིར།  བོད་ཀྱི་ལོ་རྒྱུས་ནང་ཧ་ལམ་བྱུང་མྱོང་མེད་པའི་འགོས་ནད་འགོག་སྲུང་གི་བྱ་བ་ཛ་དྲག་ངང་སྤེལ་བཞིན་འདུག ཁ་སང་ཕྱི་ཚེས་ ༢༦ ཉིན་ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལ་དང་ར་ས་འཕྲུལ་སྣང་གཙུག་ལག་ཁང་། ར་མོ་ཆེ་གཙུག་ལག་ཁང་། འབྲས་སྤུངས་དགོན་སོགས་གནས་སྐབས་སྒོ་བརྒྱབ་ཡོད་པ་དང་། དེ་བཞིན་བོད་བྱང་ཕྱོགས་དགོན་ཆེན་བླ་བྲང་བཀྲ་ཤིས་འཁྱིལ་དང་། རེབ་གོང་རོང་པོ་དགོན་ཆེན། སྐུ་འབུམ་བྱམས་པ་གླིང་སོགས་ནས་གློ་བའི་འགོས་ནད་གསར་པ་ཁྱབ་བརྡལ་དུ་མི་འགྲོ་ཆེད་གནས་སྐབས་རིང་མཆོད་མཇལ་འདུ་འཛོམས་རིགས་མཚམས་འཇོག་གནང་ཡོད་སྐོར་གསུངས་འདུག་ལ། དེ་རིང་ཕྱི་ཚེས་ ༢༧ ཉིན་རྔ་བ་ཁུལ་སྲིད་གཞུང་ནས་བརྡ་ཁྱབ་སྤེལ་ཏེ། རྔ་བ་ཁུལ་གྱི་དགོན་སྡེ་ཁག་གིས་འགོས་ནད་ཁྱབ་བརྡལ་དུ་མི་འགྲོ་ཆེད་སྲིད་གཞུང་དང་མཉམ་འབྲེལ་གྱིས་མི་མང་འདུ་འཛོམས་རིགས་མི་ཆོག་པ་དང་། སང་ཉིན་ཕྱི་ཚེས་ ༢༨ ནས་འགྲིམ་འགྲུལ་གནས་སྐབས་མཚམས་འཇོག་རྒྱུ་ཡིན་སྐོར་བརྗོད་འདུག་ལ། དེ་བཞིན་མཚོ་སྔོན་དང་ཀན་སུའུ་སོགས་བོད་རིགས་འདུས་སྡོད་ཆེ་བའི་ཞིང་ཆེན་དང་ཁུལ་སྲིད་གཞུང་ཁག་ནས་ཀྱང་འགྲིམ་འགྲུལ་བཀག་འགོག་བྱེད་བཞིན་ཡོད་འདུག

དེ་རིང་སྔ་དྲོར་ཀན་སུའུ་ཞིང་ཆེན་འགོས་ནད་གསར་པའི་ལས་དོན་ཚོགས་ཆུང་ཞིག་གིས།  ཁུ་རོ་ནཱ་གློ་བའི་འགོས་ནད་སྐོར་ནས་མི་མང་གིས་བྱེད་མི་ཆོག་པའི་གནད་དོན་ ༨ ཟེར་བ་ཞིག་སྤེལ་བའི་ནང། མི་ཚང་མས་འགོས་ནད་ལ་ཡིད་གཟབ་དང་མི་མང་འདུ་འཛོམས་བྱེད་མི་ཆོག་པ་དང་། སྨན་རྫས་རྫུན་མ་རིགས་འཚོང་འགྲེམས་མི་ཆོག་པ། ལྷག་པར་དུ་ནད་འགོས་ཡོད་མེད་བརྟག་དཔྱད་མི་བྱེད་མཁན་དང་། ནད་འགོས་ཡོད་པ་ཤེས་བཞིན་དུ་གསང་བ་བྱེད་པ་དང་ས་ཆ་གཞན་ལ་གང་བྱུང་བྲོས་འགྲོ་བ་སོགས་བྱས་ན་ལོ་བདུན་གྱི་ཁྲིམས་ཐག་གཅོད་རྒྱུ་ཡིན་སྐོར་བརྗོད་འདུག་ལ། འདས་ལོའི་ཕྱི་ཟླ་ ༡༢ པའི་ཟླ་མཇུག་ཙམ་ནས་བཟུང་ཝུ་ཧན་ནས་མགོ་བཙུགས་ཏེ་གློ་བའི་འགོས་ནད་དེ་ཁྱབ་རྗེས། རྒྱ་ནག་གཞུང་ཕྱོགས་ནས་འགོས་ནད་སྐོར་ལ་དཀྲོག་གཏམ་རིགས་སྤེལ་མཁན་དང་། སྨན་རྫས་རྫུན་མ་དང་མི་མང་ཁྲོད་གནས་ཚུལ་གང་བྱུང་སྤེལ་མི་ཆོག་ཞེས་ཉེན་བརྡ་གཏོང་གི་ཡོད་པ་མ་ཟད། ཡུལ་དངོས་ཀྱི་གནས་ཚུལ་སྤེལ་མཁན་ཚོར་སྟངས་འཛིན་དང་འཛིན་བཟུང་བཀག་ཉར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་བཞིན་ཡོད་པ་རེད།

ཁ་སང་ཝུ་ཧན་གྲོང་ཁྱེར་དུ་ཡོད་པའི་བོད་རིགས་མཐོ་རིམ་སློབ་མའི་གནས་སྟངས་སྐོར་ལ་ཕུན་ཚོགས་སྒྲོལ་མ་ཞེས་པ་ཞིག་གིས། ཝུ་ཧན་གྱི་མཐོ་སློབ་ཁག་ ༢༢ ཀྱི་མིང་རེ་རེ་བཞིན་བཀོད་དེ་དེ་དག་ནང་ཡོད་པའི་བོད་རིགས་སློབ་མའི་གྲངས་འབོར་ཁྱོན་༡༩༠༥ དང་། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༧ སྔོན་ལ་བོད་རིགས་མཐོ་རིམ་སློབ་མ་གྲངས་ ༡༩༠༠ མ་ཟིན་ཙམ་ཕྱིར་བོད་དུ་ལོག་ཡོད་པ་དང་། ད་དུང་སློབ་ཕྲུག་ ༡༥ ལྷག་མུ་མཐུད་ཝུ་ཧན་གྱི་མཐོ་སློབ་ཁག་ནང་བསྡད་ཡོད་པ་དང་། དེ་ཚོའི་ཁྲོད་ནས་སློབ་ཕྲུག་ ༣ ལྷག་ལ་ཆམ་པ་ཕོག་ནས་སྨན་བཅོས་བྱེད་བཞིན་ཡོད་པ་དང་། སློབ་མ་གཅིག་ལ་འབྲེལ་བ་བྱེད་མི་ཐུབ་སྐོར་དང་། ལྷ་ས་གྲོང་ཁྱེར་ན་གཞོན་མཐུན་ཚོགས་ལ་འབྲེལ་བ་བྱས་ཏེ་བོད་དུ་ཡོད་པའི་སློབ་མ་ཚོའི་གནས་སྟངས་རྒྱུས་ལོན་བྱས་དུས། ཕྱིར་རང་ཡུལ་དུ་ལོག་པའི་སློབ་མ་ ༧ ལ་ཆམ་པ་ཕོག་ནས་ཉིང་ཁྲི་སོགས་ས་གནས་ཀྱི་སྨན་ཁང་དུ་བརྟག་དཔྱད་བྱས་ཏེ་སྨན་བཅོས་བྱེད་ཀྱི་ཡོད་ཀྱང་། སྤྱིར་བཏང་གི་ཆམ་རིམས་ཞིག་ལས་ཁུ་རོ་ནཱ་གློ་བའི་འགོས་ནད་ཡིན་པའི་ནད་རྟགས་མེད་སྐོར་སོགས་བསྒྲགས་འདུག

 

གོང་བརྗོད་ཝུ་ཧན་གྱི་སློབ་ཆེན་ཁག་ ༢༢ ཡི་ནང་དུ་ཝུ་ནན་བོད་ལྗོངས་སློབ་འབྲིང་ཚུད་མེད་པ་དང་། ཝུ་ཧན་བོད་ལྗོངས་སློབ་འབྲིང་དེ་སྔོན་ཆད་ཧུའུ་པའེ་ཞིང་ཆེན་ཧྲ་ཧྲི་སློབ་འབྲིང་དྲུག་པའི་བོད་རིགས་སྡེ་ཁག་ཡིན་པ་དང་། ཕྱི་ལོ་ ༢༠༠༥ ཟླ་ ༨ ཚེས་ ༡༨ ཉིན་ཅིན་ཀྲུའུ་གྲོང་ཁྱེར་ནས་ཝུ་ཧན་དུ་གནས་སྤར་ཏེ། ཕྱི་ལོ་ ༢༠༠༦ ཟླ་ ༡༢ པའི་ནང་ཝུ་ཧན་ཤར་མཚོའི་ཁུལ་དུ་འཛུགས་སྐྲུན་བྱས་ཤིང་། ཧུའུ་པའེ་ཞིང་ཆེན་ནང་ཡོད་པའི་རྒྱལ་ཡོངས་ཀྱི་བོད་རིགས་སློབ་གྲྭ་ཐོག་མ་དང་། རྒྱལ་ཡོངས་ཀྱི་བོད་རིགས་སློབ་གྲྭ་ཆེ་ཤོས་དེ་ཡིན་ལུགས་དང་། ཕྱི་ལོ་ ༢༠༡༠ ལོར་ཧུའུ་པའེ་ཞིང་ཆེན་གྱི་མིག་དཔེར་འོས་པའི་སློབ་འབྲིང་གི་མིང་བཏགས་ཡོད་པར་བཤད། ཕྱི་ལོ་ ༢༠༡༠ ལོའི་རྒྱ་ནག་གཞུང་གི་བསྡོམས་རྩིས་ལྟར་ན། སློབ་འབྲིང་དེར་དམའ་འབྲིང་འཛིན་གྲྭ་ ༨ དང་། མཐོ་འབྲིང་འཛིན་གྲྭ་ ༡༥ བཅས་ཁྱོན་འཛིན་གྲྭ་ཁག་ ༢༣ དང་།  སློབ་མ་ཁྱོན་ ༨༠༠ ལྷག་དང་དགེ་ལས་ ༨༠ ཙམ་ཡོད་འདུག འདི་གའི་གསར་འགོད་པས་ཕྱི་ནང་གི་མི་མང་པོར་འབྲེལ་བ་བྱས་ཀྱང་། ད་ལྟའི་ཆར་ཁོང་ཚོའི་གནས་སྟངས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག

དེ་རིང་བོད་ཀྱི་རྒྱལ་ས་ལྷ་སའི་གསོ་རིག་སྨན་ཁང་གིས་འགོས་ནད་འགོག་སྲུང་སྐོར་ལ་བརྡ་ཁྱབ་སྤེལ་བའི་ནང་། འགོས་ནད་དེ་སྔོན་འགོག་བྱེད་པར་སྤྱོད་ལམ་སྒོ་ནས་སྔོན་འགོག་བྱ་ཐབས་སྐོར་ལ། བདུད་རྩི་བུམ་པ་ལས། དེ་ལ་བསྲུང་ཐབས་རྣམ་པ་གསུམ། །ཕྱི་ནང་གསང་གསུམ་བསྲུང་ཐབས་བསྟན། །ཕྱི་སྲུང་སྤྱོད་ལམ་ཆོ་གས་བསྲུངས། །ཞེས་དང༌། རྒྱུད་ལས། དུ་བ་སྣ་སྒོ་རེག་པ་ཆུ་སྒོ་བསྲུང་། །རླངས་པ་ཉི་ཟེར་བསྲུང་བ་གཉིས་ཀ་གཅེས། །ཞེས་དང་། སྨན་མཆོག་རིན་ཆེན་གྲུབ་པའི་གསང་སྔགས་བཏང་། །ནད་སློང་རྐྱེན་གཉིས་དྲན་པས་རྟག་ཏུ་སྤང་། །ལུས་ངག་ཡིད་ལས་ཉེས་སྤང་ཡང་དག་བསྟེན། །ཞེས་གསུངས་པ་ལྟར་གོང་འཁོད་ཀྱི་ནད་རྐྱེན་རྣམས་སྤངས་ཐོག་ལུས་ཁམས་མ་འཁྲུགས་པ་བྱ་རྒྱུ་དང་། ལུས་སྦྱོང་འཕྲོད་བཞེས་གང་ལེགས་གནང་རྒྱུ། རྒྱུན་དུ་མི་ཚོགས་འདུ་འཛོམས་མང་ས་དང་ཁོར་ཡུག་བཙོག་པ་སོགས་ལ་མི་འགྲོ་བྱ་རྒྱུ་གལ་ཆེན་ཡིན་སྐོར་བཀོད་ཡོད་པ་དང་། ཡང་ཟས་སྐོམ་སྒོ་ནས་སྔོན་འགོག་བྱ་ཐབས་ཐད་དཀར་མངར་རིགས་དང་རྗེན་ཟས། འཇུ་དཀའ་བ། ངོ་བོ་གྱུར་བ། མི་འཕྲོད་པའི་ཟས་སོགས་སྤང་དགོས་པ་དང༌། ལྷག་པར་ཟས་རིགས་གཡོས་སྦྱོར་བྱ་བའི་སྐབས་ཤའི་རིགས་དང་སྒོ་ང་སོགས་ངེས་པར་དུ་འཚོད་པོར་བཙོ་དགོས་པ་དང༌། རིམས་ཁུལ་ནས་ཡོང་བའི་ཟས་སྐོམ་གྱི་རིགས་ལ་འཛེམས་དགོས་པ་དང་། ཆུ་སྐོལ་གང་མང་འཐུང་རྒྱུ་བཅས་ཀྱི་ལམ་སྟོན་བྱས་ཡོད་འདུག

རྒྱ་གཞུང་གི་སློབ་གསོ་ཁང་གི་བསྡོམས་རྩིས་ལྟར་ན། ཕྱི་ལོ་་༡༩༨༠ ལོར་ཐོག་མར་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཟེར་བ་དེ་ཚོགས་རྗེས། ཕྱི་ལོ་ ༡༩༨༥ ལོར་རྒྱ་ནག་ནང་ལོགས་ཀྱི་ཞིང་ཆེན་ ༡༦ ནང་བོད་རིགས་དམའ་འབྲིང་འཛིན་གྲྭ་བཙུགས་ཏེ། ད་ལྟའི་ཆར་རྒྱལ་ཡོངས་ཀྱི་ཞིང་ཆེན་ ༢༠ ཡི་དམའ་འབྲིང་སློབ་གྲྭ་ ༧༥ ནང་བོད་རིགས་འཛིན་གྲྭ་ཡོད་པ་དང་། ཞིང་ཆེན་གྲོང་ཁྱེར་ ༡༢ ཀྱི་སློབ་གྲྭ་ ༢༩ ནང་བོད་རིགས་འབྲིང་རིམ་ལས་གཉེར་འཛིན་གྲྭ་ཡོད་པ། སློབ་ཆེན་ཁག་ ༡༩༦ ནང་བོད་རིགས་སློབ་མ་བསྡུ་ཡི་ཡོད་པས་རྒྱ་ནག་ནང་ལོགས་སུ་ཁྱོན་བོད་རིགས་སློབ་མ་ཁྲི་ ༣ ལས་བརྒལ་ཡོད་འདུག

རྒྱ་ནག་གཞུང་ནས་བསྒྲགས་པའི་གནས་ཚུལ་གསར་ཤོས་ནང་། ད་ལྟའི་ཆར་ཡུན་ནན་བོད་རིགས་རང་སྐྱོང་ཁུལ་ནང་ཁུ་རོ་ནཱ་གློ་བའི་འགོས་ནད་ཅན་གྱི་ནད་པ་དང་དོགས་གནས་ཅན་ ༡༩། སི་ཁྲོན་ཞིང་ཆེན་ནང་༦༩།  མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནང་ ༤ ཡོད་ཀྱང་། བོད་རང་སྐྱོང་ལྗོངས་ནང་ནད་ངོས་ཟིན་པ་མེད་སྐོར་བསྒྲགས་འདུག

 རྒྱ་ནག་མི་མང་དང་གློ་བའི་འགོས་ནད།

 དེ་རིང་ཞོགས་པར་རྒྱ་ནག་གི་སྲིད་བློན་ལི་ཁི་ཆཱང་ཐེངས་དང་པོར་ཝུ་ཧན་གྱི་སྨན་བཅོས་ལྟེ་གནས་སོགས་སུ་ཕྱིན་ཏེ། སྨན་བཅོས་བརྟག་དཔྱད་ཀྱི་གནས་སྟངས་ལ་ལྟ་ཞིབ་དང་། སྨན་པ་དང་སྨན་ཞབས་པ་སོགས་ལ་ཐུག་འཕྲད་བྱས་ཏེ།  མི་གཞན་གྱི་ཚེ་སྲོག་མྱུར་སྐྱོབ་ལ་མཐའ་གཅིག་ཏུ་འབད་བརྩོན་བྱེད་དགོས་པ་དང་མཉམ་དུ། སོ་སོའི་ཚེ་སྲོག་ལ་ཡང་ཡིད་གཟབ་དགོས་པ་སོགས་བརྗོད་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༢༦ ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆེད་དམིགས་གསལ་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཕྱི་ལོ་ ༢༠༢༠ ལོའི་རྒྱ་ནག་གི་ལོ་སར་གུང་སེང་དུས་ཡུན་ཕྱི་ཟླ་ ༢ ཚེས་ ༢ བར་ཕྱིར་འགྱངས་བྱས་ཡོད་པ་དང་། ས་གནས་ཁག་གི་སློབ་གྲྭ་ཚོས་སློབ་མགོ་ག་དུས་འཛུགས་དགོས་མིན་དུས་ལྟར་གཞུང་གིས་བརྡ་གཏོང་རྒྱུ་ལས་གང་བྱུང་སློབ་གྲྭ་ཚོགས་མི་ཆོག་པ་དང་། གཞན་ལོ་སར་དང་བསྟུན་ཁུ་རོ་ནཱ་གློ་བའི་འགོས་ནད་རྐྱེན་གྱིས་ངལ་གསོ་མ་བྱུང་བ་ཚོར་རྗེས་སུ་གུང་སེང་ཁ་གསབ་བྱ་རྒྱུ་ཡིན་སྐོར་སོགས་བསྒྲགས་འདུག

 

ཁ་སང་ཕྱི་ཚེས་ ༢༦ ཉིན། ཝུ་ཧན་གྲོང་ཁྱེར་ནང་གནས་སྡོད་སྐྱེས་པ་ཞིག་གིས་བརྙན་ལམ་བརྒྱུད་འབོད་སྐུལ་བརྙན་ཐུང་ཞིག་སྤེལ་བའི་ནང་། ད་ལྟའི་ཆར་ཝུ་ཧན་གྲོང་ཁྱེར་ཡོངས་ཀྱི་འགྲུམ་འགྲུལ་ཡོད་ཚད་བཀག་སྡོམ་བྱས་ཤིང་། ཐ་ན་རླངས་འཁོར་སྣུམ་ཚོང་ཁང་གིས་ཀྱང་སྣུམ་བླུགས་མཚམས་བཞག་ཡོད་སྟབས། གལ་སྲིད་མི་ཞིག་ལ་ཁྲག་ཤེད་དང་སྙིང་གི་ན་ཚ་ལྟ་བུ་བྱུང་ནས་སྨན་ཁང་དུ་འགྲོ་དགོས་བྱུང་ནའང་། སྒེར་འཁོར་གཏོང་བའི་སྣུམ་མེད་ལ། འགྲོ་སའི་ལམ་ཀ་ཡང་བཀག་ཚར་ཡོད་པ་མ་ཟད། སྨན་བཅོས་རོགས་སྐྱོབ་ཚན་པ་གཅིག་གཉིས་ཐིག་ལ་ཁ་པར་བཏང་ནའང་གཏན་ནས་མཐུད་ཐུབ་ཀྱི་མེད་པ་དང་། སྨན་ཁང་དུ་བསླེབས་ནའང་ག་ཚོད་ཛ་དྲག་ཡིན་ན་ཡང་བང་བསྒྲིགས་ནས་སྡོད་པ་ལས་མྱུར་སྐྱོབ་བྱེད་ཐབས་མེད་སྐོར་དང་། གྲོང་ཁྱེར་ཧྲིལ་པོར་བཀག་སྡོམ་མ་བྱས་པའི་སྔར་ཉིན་དེ་ཕྱི་ཚེས་ ༢༢ ཉིན་དང་དེའི་སྔོན་ལ་གྲོང་ཁྱེར་གྱི་སྲང་ལམ་གང་སར་རྒྱུན་ལྡན་ལྟར་ཚོང་ལས་གཉེར་ཞིང་། རྩེད་མོ་སོགས་ལ་གཡང་ནས་ཁ་འཐུམ་བརྒྱབ་པའི་མི་མང་པོ་མེད་པ་དང་། སྐབས་དེར་ཝུ་ཧན་གྲོང་ཁྱེར་སྤྱི་ཁྱབ་དང་དམར་ཤོག་དྲུང་ཆེ་སོགས་མགོ་འཁྲིད་ཚོས་འགོས་ནད་དེ་ཁྱབ་ཀྱི་ཡོད་པ་ཤེས་རྟོགས་བྱུང་མེད་ཚེ། ས་གནས་མི་མང་གི་མགོ་འཁྲིད་བྱེད་པའི་འོས་བབ་མེད་སྐོར་དང་། གལ་སྲིད་ཤེས་རྟོགས་བྱུང་ཡོད་ན་དེ་མ་ཐག་གསར་འགྱུར་བརྒྱུད་ལམ་སོགས་ནས་གྲོང་ཁྱེར་མི་མང་ལ་ཁ་འཐུམ་རྒྱག་དགོས་པ་དང་། འཕྲོད་བསྟེན་ལ་ཡིད་གཟབ་དགོས་པའི་ཉེན་བརྡ་ག་རེ་བྱས་ནས་བཏང་མེད་པ་དང་། མི་མང་གིས་སྲིད་གཞུང་གི་བཀོད་སྒྲིག་ལ་རམ་འདེགས་བྱེད་ཀྱི་ཡོད་ཀྱང་སྲིད་གཞུང་གི་མགོ་འཁྲིད་དང་ལས་སྣེ་ཚོས་སྣང་མེད་ཟུར་འཇོག་བྱས་ཏེ་ཉེན་ཚབས་ཅན་གྱུར་ཡོད་སྐོར་དང་། ད་ལྟ་གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་ཞབས་ཞུའི་གནས་ཚད་ཞན་དྲག་སྟེ་འགོས་ནད་བྱུང་བའི་ནད་པ་རྣམས་ལ་གཟེར་འཇོམས་སྨན་ཁབ་ཙམ་རེ་བརྒྱབ་ནས་འཆི་རྒྱུར་སྒུག་ནས་སྡོད་པ་ལས་སྐྱོབ་ཐབས་གང་ཡང་མེད་པ་དང་། ཐ་ན་སྨན་བཅོས་གནས་ཚད་ཀྱིས་མ་འདང་ན་ནད་པ་རྣམས་ཕྱིར་ཁྱིམ་དུ་བཏང་སྟེ་རང་གསོ་དགོས་པའི་བཀོད་མངག་གཏོང་གི་ཡོད་པ་སོགས་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་དེ་དག་ནི། འཛམ་གླིང་གི་སྟོབས་ལྡན་ཨང་གཉིས་པར་རྩི་བའི་རྒྱལ་ཁབ་ཅིག་གི་བྱ་སྤྱོད་མིན་ལ། སྔོན་ཆད་ཨ་རིའི་ནེའུ་ཡོག་ལྟ་བུའི་ཝུ་ཧན་གྲོང་ཁྱེར་ད་ལྟ་དམྱལ་བ་མི་ཡུལ་དུ་བསླེབས་པ་ལྟ་བུའི་སྐྱོ་གདུང་ནད་མནར་གྱིས་ཁེངས་བའི་ཡིད་སྐྱོའི་གནས་སྟངས་འོག་ལྷུང་ཡོད་ལ། ལོ་རབས་བརྒྱད་ཅུ་དགུ་བཅུ་པའི་ནང་སྐྱེས་པའི་གཞོན་སྐྱེས་ཚོས་གནས་སྟངས་ཆ་ཚང་མགོ་འཚོས་ཀྱི་ཡོད་ཀྱང་། ཁོང་ཚོའི་ཤ་རུས་ཀྱིས་ངར་ལྕགས་མེ་མདའ་སོགས་ལ་ཁ་གཏད་གཅོག་ཐབས་མེད་པས། རང་དབང་ལུང་པར་ཡོད་པའི་རྒྱ་རིགས་དང་སེམས་བཟང་ཅན་ཚང་མས་རང་འཁྲིའི་འགན་ལ་གཡོལ་བཞིན་པའི་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་དང་། འཆི་རྒྱུར་སྒུག་བསྡད་ཡོད་པའི་ཝུ་ཧན་མི་མང་དཀའ་སྡུག་ལས་སྐྱོབ་ཐབས་དགོས་པའི་འབོད་སྐུལ་བྱས་འདུག

རྒྱ་ནག་གཞུང་ཕྱོགས་ཀྱི་གནས་ཚུལ་གསར་ཤོས་ལྟར་ན། ད་ལྟ་རྒྱ་ནག་གི་ནད་པ་མང་ཤོས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་ནི། ཧུའུ་པའེ་ཞིང་ཆེན་ནང་མི་གྲངས་ ༡༤༢༣ དང་། ཧྲན་ཀོང་ཏུང་ཞིང་ཆེན་ནང་ནད་པ་ ༡༤༦། ཀྲི་ཅང་དུ་ ༡༢༨། ཧེ་ནན་དུ་མི་ ༡༢༨ དང་ཁྲིན་ཆཱན་དུ་ ༡༡༠། ཧེ་ནན་དུ་ ༡༠༠ དང་། ཨན་ཧེ་ ལ་ ༧༠། ཧྲན་ཏུང་ལ་ ༦༣། པེ་ཅིན་དུ་ ༦༨ དང་། ཧྲང་ཧེ་ལ་ ༥༣། ཁྲུང་ཆིན་ལ་ ༡༡༠། ནང་སོག་ལ་ ༡༡། ཤིན་ཅང་ལ་ ༥། དེ་བཞིན་ཧོང་ཀོང་དུ་ ༨ ། ཨོ་མིན་དུ་ ༦ བཅས་ཁྱོན་མི་གྲངས་ ༢༨༢༡ ལ་ན་ཚ་དེ་འགོས་ཡོད་པ་དང་། འགོས་ནད་དོགས་གཞི་ཅན་ ༥༧༩༤ ཡོད་པ་མ་ཟད། ད་ལྟའི་བར་དུ་ཝུ་ཧན་ནང་ ༧༦ བཅས་ཉུང་མཐར་མི་གྲངས་ ༨༡ འདས་གྲོངས་སུ་ཕྱིན་པ་དང་། ཁ་སང་བར་དུ་ནད་པ་ ༥༡ དྲག་སྐྱེད་བྱུང་ཡོད་སྐོར་བསྒྲགས། གསར་ལམ་གྱི་གནས་ཚུལ་ལྟར་ན། ཁྱབ་ཚད་ཇེ་མྱུར་ཏུ་སོང་སྟེ་རྒྱ་ནག་ནང་འདས་པའི་ཆུ་ཚོད་ ༢༤ ནང་མི་གྲངས་ ༧༠༠ ལ་ན་ཚ་དེ་འགོས་ཡོད་པ་དང་། མི་ ༢༤ ཡི་ཚེ་སྲོག་ཤོར་ཡོད་འདུག

 

 

དེ་རིང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་ཊི་དྷི་རོ་སི་ཨ་དྷི་ནོམ་(Tedros Adhanom Ghebreyesus)རྒྱ་ནག་ལ་སོང་ཡོད་པ་དང་། ཁོང་གིས་སྒེར་གྱི་ཊེ་ཊིར་སྟེང་དེ་རིང་ཁོང་རྒྱ་ནག་གི་པེ་ཅིན་གྲོང་ཁྱེར་དུ་འགྲོ་བཞིན་ཡོད་པ་དང་། པེ་ཅིན་དུ་རྒྱ་ནག་གི་འཕྲོད་བསྟེན་བློན་ཆེན་དང་ཐུག་འཕྲད་ཀྱིས་ཁུ་རོ་ནཱ་གློ་བའི་འགོས་ནད་སྐོར་ནས་གྲོས་བསྡུར་དང་། ཐེངས་འདིར་ང་དང་ངའི་ལས་རོགས་ཚོས་འགོས་ནད་འདིིའི་སྐོར་རྒྱུས་ལོན་ཡག་པོ་ཡོང་བ་དང་། རྒྱ་ནག་མཉམ་དུ་འགོས་ནད་རྒྱ་ཁྱབ་སྔོན་འགོག་ཐད་འཐབ་རྩོད་བྱ་རྒྱུ་ཡིན་པ་དང་། ང་ཚོས་ཉེན་ཚབས་ཆེ་བའི་དུས་ཚོད་འདིར་རྒྱ་ནག་གཞུང་དང་མི་མང་ལ་རྒྱབ་སྐྱོར་བྱེད་པར་རྒྱལ་ཁབ་གཞན་ཚང་མ་མཉམ་དུ་ཡོད་སྐོར་བརྗོད་འདུག

དེ་རིང་སྔ་དྲོར་རྒྱ་གར་དུས་བབ་ཀྱིས་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་ནས་ཕྱིར་ལོག་པའི་རྒྱ་གར་བྷི་ཧར་པར་ཊི་ནཱ་ནས་ཡིན་པའི་བུ་མོ་ཞིག་ལ། ཁུ་རོ་ནཱ་གློ་བའི་འགོས་ནད་དེའི་ནད་རྟགས་ཐོན་ཡོད་པས་ད་ལྟའི་ཆར་པར་ཊི་ནཱ་གསོ་རིག་མཐོ་སློབ་སྨན་ཁང་དུ་བརྟག་དཔྱད་བྱེད་བཞིན་ཡོད་སྐོར་བརྗོད་འདུག་ལ། དེ་རིང་གི་གནས་ཚུལ་གསར་ཤོས་ནང་ཐའེ་ལན་ཌིའི་ནང་ཁུ་རོ་ནཱ་གློ་བའི་འགོས་ནད་ཅན་གྱི་ནད་པ་ ༧ དང་ཉི་ཧོང་དུ་ ༣། ལྷོ་ཀོ་རི་ཡའི་ནང་ ༣། ཝེ་ཐི་ནམ་ནང་ ༢ ། སེངྒ་པོར་ནང་ ༤། མཱ་ལཱ་ཤི་ཡ་ནང་ ༣། བལ་ཡུལ་ནང་ ༡། ཧྥ་རན་སའི་ནང་ ༣ ། ཨོ་སི་ཊོ་ལི་ཡའི་ནང་ ༥། ཨ་རིའི་ནང་ ༣། ཐའེ་ཝན་ནང་ ༥། བཅས་ཡོད་པ་དང་། ད་ལྟའི་ཆར་རྒྱལ་ཁབ་དེ་དག་ནང་རྐྱེན་འདས་སོང་བའི་གནས་ཚུལ་བྱུང་མེད་ཀྱང་།  མཉམ་འབྲེལ་རྒྱལ་ཚོགས་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ནད་དུག་དེ་འཛམ་གླིང་གི་རྒྱལ་ཁབ ༡༩ ཙམ་ལ་ཁྱབ་ཡོད་སྐོར་བསྒྲགས་འདུག

འཛམ་གླིང་གི་སྨན་བཅོས་ཞིབ་འཇུག་ཁང་མང་པོ་མཉམ་འབྲེལ་གྱི་ཐོག་ནས་ད་ལན་གྱི་གློ་ཚད་ནུད་ཡམས་དེའི་སྔོན་འགོག་སྨན་བཟོ་བཞིན་ཡོད་པ་ད་ང། དེ་ཡང་ཨ་རིའི་གཞུང་་གི་(National Institute of Allergy and Infectious Diseases) ཞེས་པའི་སྨན་བཅོས་ཞིབ་འཇུག་ཁང་དང་མོ་ཌེར་ན་སྐྱེས་དངོས་འཕྲུལ་རིག་བཟོ་སྐྲུན་ཁང་(Moderna Inc) གཉིས་ཀྱིས་མཉམ་འབྲེལ་གྱི་ཐོག་སྔོན་འགོག་སྨན་བཟོ་ཡི་ཡོད་པ་དང་། ཟླ་བ་གསུམ་ནང་ཚུད་ལ་གློ་བའི་ན་ཚ་དེ་ཡོད་པའི་ནད་པར་ཚོད་ལྟ་ཐུབ་པ་བྱ་རྒྱུ་ཡིན་པའི་གནས་ཚུལ་འདུག་ལ། ཨོ་གླིང་དུ་འགོས་ནད་དེའི་ནད་པ་ཡོད་པ་ཤེས་རྟོགས་བྱུང་རྗེས། རྒྱལ་སྤྱིའི་ཛ་དྲག་ནད་ཡམས་གྲ་སྒྲིག་མཉམ་འབྲེལ་ཚོགས་སྡེ་ (Coalition for Epidemic Preparedness Innovations, CEPI) ཡིས་ཚན་རིག་པ་སྐོར་ཞིག་ལ་ཁུན་སི་ལེན་ཌི་གཙུག་ལག་སློབ་གྲྭ་ཆེན་མོའི་ (University of Queensland) ནང་ཡོད་པའི་ཚད་མཐོའི་འཕྲུལ་ཆས་ཀྱིས་བརྟག་དཔྱད་བྱས་ཏེ་སྨན་གང་མགྱོགས་བཟོ་དགོས་པའི་འབོད་སྐུལ་བྱས་ཡོད་པ་མ་ཟད། དེའི་ཆེད་ཨོ་གླིང་གི་ཌོ་ལར་ས་ཡ་ ༡༥།༤ གཏོང་གཏན་འཁེལ་ཡོད་འདུག གཞན་ཡང་དེ་སྔོན་ MERS གློ་ཚད་ནད་འབུའི་འགོག་སྨན་བཟོ་མྱོང་བའི་ནོ་ཝ་ཝེག་སི་ (Novavax) ཞེས་པའི་བཟོ་སྐྲུན་ཁང་ཞིག་གིས་ཀྱང་ད་ལན་གྱི་གློད་བའི་འགོས་ནད་ལ་འགོག་སྨན་བཟོ་བར་ཚོད་ལྟ་བྱེད་བཞིན་ཡོད་འདུག

མཆན། གོང་དུ་བཀོད་པའི་ཁུ་རོ་ནཱ་གློ་བའི་འགོས་ནད་ཅན་དང་དང་དོགས་པ་ཅན་གྱི་གྲངས་འབོར་དེ་དེ་རིང་ཕྱི་ཚེས་ ༢༧ ཉིན་གྱི་རྒྱ་གར་གྱི་དགོང་མོའི་ཆུ་ཚོད་ ༧ བར་གྱི་གྲངས་འབོར་ལས་ཚུད་མེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

Share with your friends










Submit