ཟླ་བ་ ༡ ཚེས ༡༤ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༤ རེས་གཟའ་མིག་དམར།༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༤ རེས་གཟའ་མིག་དམར་ཉིན་བཏང་གནས་ནང་འཁོད་དོན།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་ལས་ཐོག་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་སྣེ་ཁྲིད་འོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༠ ཉིན་ཐའེ་ཝན་དུ་ཕེབས་ནས་གཞུང་འབྲེལ་གྱི་ལས་དོན་ཁག་སྒྲུབ་བཞིན་ཡོད།

དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་དྲུག་པའི་གྲོས་ཚོགས་འཐུས་མི་རྣམས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་མཇལ་འཕྲད་དང་། བོད་དོན་རྒྱབ་སྐྱོར་སྔར་ལྷག་ཐོབ་ཐབས་ཆེད་ཕྱོགས་བསྐྱོད་གནང་རྒྱུའི་ལས་རིམ་ཞིག་ཡོད་པ་ལྟར། སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་ལགས། སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་བཅས་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༠ ནས་ ༡༧ བར་ཉིན་གྲངས་བརྒྱད་རིང་ཐའེ་ཝན་རྒྱལ་ཁབ་ནང་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་རིམ་ཞིག་འགྲོ་བཞིན་ཡོད།

སྤྱི་འཐུས་རྣམ་པ་ཕྱི་ཚེས་ ༨ ཉིན་གྱི་ཕྱི་དྲོ་བཞུགས་སྒར་རྡ་ས་ནས་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་བ་དང་། ཕྱི་ཚེས་ ༩ ཉིན་གྱི་མཚན་མོ་ཆུ་ཚོད་ ༡༢།༠༠ ཙམ་ལ་ལྡི་ལི་ནས་བྷེང་ཀོག་བརྒྱུད་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་ཕེབས་ཐོན་གནང་སྟེ། ཕྱི་ཚེས་ ༡༠ ཉིན་ས་གནས་སུ་འབྱོར་བའི་སྐབས་ཐའེ་ཝན་དོན་གཅོད་ལས་ཁུངས་དང་། ཐའེ་སྡོད་བོད་རིགས་ཚོགས་པ། བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་གནང་ཞིང་། ཕྱི་ཚེས་༡༡ ཉིན་གྱི་སྔ་དྲོ་ཐའེ་ཝན་གྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་བྱེད་བཞིན་པར་གཟིགས་ཞིབ་དང་། ཕྱི་དྲོ་ཐའེ་ཝན་དོན་གཅོད་ལས་ཁུངས་སུ་ཕེབས་ཏེ་གཟིགས་སྐོར་རྟོག་ཞིབ་དང་། སྤྱི་འཐུས་རྣམ་པར་དོན་གཅོད་ལས་ཁུངས་ཀྱི་ལས་དོན་སྙན་སེང་དང་། གངས་ལྗོངས་དཔེ་སྐྲུན་ཁང་གི་ལས་དོན་བྱེད་ཕྱོགས་བཅས་ངོ་སྤྲོད་གནང་ཡོད་འདུག

ཕྱི་ཚེས་ ༡༢ ཉིན་ཐའེ་ཝན་དུ་གནས་སྡོད་བོད་མི་རྣམས་དང་མཉམ་དུ་ཚོགས་འདུ་འཚོགས་ཤིང་། ཐོག་མར་སྤྱི་འཐུས་རྣམ་པས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་དང་། སྐབས་འདིའི་གཞུང་འབྲེལ་ལས་དོན་བྱེད་ཕྱོགས་ཀྱི་དགོས་དམིགས་སོགས་གསུང་བཤད་མདོར་བསྡུས་རེ་གནང་ཡོད་པ་དང་། དེ་ནས་ཐའེ་ཝན་དོན་གཅོད་བ་རི་ཟླ་བ་ཚེ་རིང་ལགས་དང་། ཐའེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རྣམ་དག་ལགས་སོགས་ཀྱིས་ཐའེ་ཝན་དུ་གནས་སྡོད་བོད་མི་རྣམས་ཀྱི་གནས་སྟངས་དང་ལས་དོན་བྱེད་ཕྱོགས་སོགས་ངོ་སྤྲོད་མདོར་བསྡུས་གནང་རྗེས། དེར་ཕེབས་པའི་མི་མང་གི་ངོས་ནས་དྲི་བ་དང་གོ་བསྡུར་ལྷུག་པོ་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་གསལ་བཤད་ལན་འདེབས་དགོས་པ་ཁག་གནང་ཡོད་འདུག

ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོ་ཐའེ་པེ་གྲོང་ཁྱེར་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་དང་ལས་དོན་དང་། ཐའེ་ཝན་དང་བོད་དོན་གྱི་འབྲེལ་བའི་སྐོར། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་སོགས་གོ་བསྡུར་སྙན་སེང་ཞུས་འདུག་པ་དང་། ཕྱི་དྲོ་བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་མི་རྣམས་ལ་མཇལ་འཕྲད་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་དང་། བོད་དང་། ཐའེ་ཝན། ཧོང་ཀོང་། ཤར་ཏུར་ཀི་སི་ཐན་བཅས་ཀྱི་གནས་སྟངས་སྐོར་བགྲོ་གླེང་དང་དྲི་བ་དྲིས་ལན་སོགས་གནང་ཡོད་འདུགཕྱི་དྲོ་ཆུ་ཚོད་ ༤།༣༠ ཙམ་གྱི་ཐོག་ཐའེ་ཝན་སྲིད་བློན་གྱི་མགྲིན་ཚབ་པ་ལྕམ་སྐུ་ཀའོ་ལཱ་སི་ཡོ་ཏ་ཀཱ་ (Kolas Yotaka) མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་དང་འབྲེལ་བའི་སྐོར་ངོ་སྤྲོད་དང་། བོད་ཀྱི་གནད་དོན་སྐོར་ལ་སྔོན་ནས་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས་པ་དང་། མ་འོངས་པར་མུ་མཐུད་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་སོགས་ཞུས་འདུག་པ་དང་། དེའི་དགོང་མོ་གསོལ་ཚིགས་དང་མཉམ་དུ་ཐའེ་ཝན་གྱི་དགེ་རྒན་ཆེན་མོ་ཁག་ཅིག་དང་མཇལ་འཕྲད་ཀྱིས་བོད་དོན་དང་འབྲེལ་བའི་སྐོར་ངོ་སྤྲོད་དང་། གཟིགས་ཚུལ་དང་ཉམས་མྱོང་བརྗེ་རེས་སོགས་གནང་ཡོད་འདུག་པ་བཅས། །