ཟླ་བ་ ༡ ཚེས ༡༤ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༤ རེས་གཟའ་མིག་དམར།

༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་༢༠༢༠ ཟླ་ ༡ ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་གྱི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་རྒྱ་གར་གྱི་ཚོང་ལས་མཐོ་སློབ་ཁང་ Indian Institute of Management,Bodh Gaya ཞེས་པར་ཆིབས་སྒྱུར་སྐྱོང་སྐབས།  རྒྱ་གར་གྱི་ཚོང་ལས་མཐོ་སློབ་ཁང་གི་ངེས་སྟོན་པ་ལྕམ་སྐུ་ཝི་ནི་ཏ་ས་ཧེ་ Vinita Sahay ལགས་ཀྱིས་གཙོས་དགེ་ལས་སློབ་ཕྲུག་ཡོངས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། 

དེ་ཡང་ཐོག་མར་མགོན་པོ་གང་ཉིད་མཆོག་གིས་མཐོ་སློབ་ཁང་གི་ར་བའི་ནང་བྱང་ཆུབ་ལྗོན་ཤིང་འདེབས་འཛུགས་མཛད་པ་དང་འབྲེལ་ཞབས་སྟེགས་སྟེང་༸ཞབས་སོར་འཁོད་མཚམས་མཐོ་སློབ་ཁང་གི་དྲན་རྟེན་དཔེ་དེབ་སྟེང་མཚན་རྟགས་བཀོད་དེ་དབུ་འབྱེད་མཛད་ཡོད།  

དེ་ནས་མཐོ་སློབ་ཁང་གི་ངེས་སྟོན་པ་ལྕམ་སྐུ་ཝི་ནི་ཏ་ས་ཧེ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་བསྟུན།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཐོ་སློབ་ཁང་གི་དགེ་ལས་ཁག་གཅིག་དང་ལྷན་སྐུ་པར་བསྒྲོན་རྗེས་རྒྱ་གར་གྱི་གནའ་བོའི་ལེགས་བཤད་དེང་སྐབས་འཛམ་གླིང་ནང་འབྲེལ་བ་ཡོད་པ་ཞིག་དང་། དགོས་མཁོའང་ཧ་ཅང་ཡོད་པ་ཞིག་ཡིན་སྐོར་དགེ་ལས་སློབ་ཕྲུག་གྲངས་ ༢༠༠ ལྷག་ཙམ་ལ་བཀའ་སློབ་སྩལ་དོན།

མཆེད་གྲོགས་ཕོ་མོ་ཡོངས་ལ་ཞུ་རྒྱུ། རྣམ་པ་ཚོར་ངོས་ཀྱི་ཉམས་མྱོང་གཞིར་བཞག་ཐོག་བསམ་ཚུལ་ཁ་ཤས་བཤད་རྒྱུའི་གོ་སྐབས་བྱུང་བར་དགའ་པོ་བྱུང་། ང་ཚོ་འགྲོ་བ་མི་ཞིག་ཡིན། སེམས་ཅན་གཞན་ལྟར་ང་ཚོས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་མཁན་གཅིག་པ་རེད།  འོན་ཀྱང་འཛམ་གླིང་སྒང་གི་མི་ཐེར་འབུམ་བདུན་ལ་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད།  དཀའ་ངལ་མང་པོ་ཞིག་ང་ཚོ་མིས་བཟོས་པའི་དཀའ་ངལ་རེད། དེ་ནི་དངོས་གནས་དྲང་གནས་སེམས་སྐྱོ་དགོས་པ་ཞིག་རེད།  ང་ཚོས་སྡུག་བསྔལ་འདོད་ཀྱི་མེད།  ང་ཚོར་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་དགོས་པ་རེད།  གཙོ་བོ་མིག་རྒྱང་ཐུང་དྲགས་པ་དང་རང་གཅེས་འཛིན་གྱི་བསམ་བློ་ཤུགས་ཆེ་དྲགས་པའི་ཐོག་ནས་དཀའ་ངལ་ཡོང་གི་ཡོད།  ཚན་རིག་པས་འགྲོ་བ་མིའི་ལྷན་སྐྱེས་རང་བཞིན་ནི་བྱམས་བརྩེའི་རང་བཞིན་རེད། ཅེས་བརྗོད་ཀྱི་འདུག ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་རེད། འགྲོ་བ་མི་གཅིག་གི་མ་འོངས་བདེ་སྡུག་དེ་སྤྱི་ཚོགས་ལ་བསྟུན་དགོས་པ་རེད།

དེང་སྐབས་འཕྲུལ་ལས་དང་། བརྡ་འཕྲིན། འཛམ་གླིང་གི་དཔལ་འབྱོར་སོགས་ཀྱི་རྐྱེན་པས་གོ་ལ་ཧྲིལ་པོ་ཁྱིམ་ཚང་གཅིག་ལྟ་བུའི་ངང་གནས་ཡོད། འགྲོ་བ་མིའི་སྤྱི་ཚོགས་གཅིག་གི་ནང་ཡིན་ཡང་། ང་ཚོ་དང་ཁོ་པ་ཚོ། ཟེར་ནས་དཀའ་ངལ་མང་པོ་ཞིག་ང་ཚོ་རང་གིས་བཟོ་བཞིན་ཡོད། འདས་པའི་ལོ་རྒྱུས་ནང་བལྟས་པ་ཡིན་ནའང་འགྲོ་བ་མི་ཡིས་འཚེ་བའི་ཐོག་ནས་དམག་འཁྲུག་མང་པོ་བརྒྱབ་ཡོད་པ་ལས་དུད་འགྲོ་སེམས་ཅན་ཚོས་དམག་འཁྲུག་དེ་ལྟར་བརྒྱབ་མྱོང་མེད། ང་ཚོ་ད་ལྟ་དུས་རབས་ ༢༡ ནང་ཡོད་ཀྱང་ད་དུང་དུས་རབས་ ༢༠ ནང་བྱས་པ་ནང་བཞིན་ང་ཚོ་དང་ཁོ་པ་ཚོ། ཟེར་ནས་མཚོན་ཆ་བེད་སྤྱོད་བྱས་ནས་གསོད་རེས་གཏོང་གི་ཡོད།   དུས་རབས་ ༢༠ ནང་འཚེ་བའི་ལས་བརྩམས་པ་དེ་དག་ད་ལྟ་ང་ཚོས་བསྐྱར་ཟློས་བྱེད་མི་རུང་།  འཛམ་གླིང་གི་དམག་ཆེན་དང་པོ་དང་གཉིས་པ། ཝི་ཏི་ནམ་དམག་འཁྲུག ཨ་རབ་དམག་འཁྲུག་སོགས་ཧ་ཅང་ཛ་དྲག་བྱུང་ཡོད།  དེ་དག་ཚང་མ་ང་ཚོ་རང་གིས་བཟོས་པ་ཤ་སྟག་རེད། དམག་མི་ཚོས་ཀྱང་བདེ་སྐྱིད་འདོད་པ་རེད།  མི་ཉམ་ཐག་མང་པོ་ཡོད་བཞིན་དུ་མཚོན་ཆའི་ཆེད་དུ་དངུལ་ཕོན་ཆེ་གཏོང་གི་ཡོད།  དེ་ནི་ཧ་ཅང་སེམས་སྐྱོ་པོ་རེད།  དུས་རབས་ ༢༠ ནང་འཚེ་བའི་ལམ་ལ་ཕྱིན་པ་རེད།  དེ་ནི་དུས་འདས་ཟིན་པ་ཞིག་རེད།

ད་ཆ་ང་ཚོས་ཁ་ཡོད་ལག་ཡོད་ཀྱིས་ཞི་བདེ་དང་འཆམ་མཐུན་ཡོང་ཐབས་ལ་བསམ་བློ་གཏོང་དགོས། ཨ་ཕི་རི་ཁ་དང་། ཨེ་ཤི་ཡ། ཡུ་རོབ་སོགས་ཀྱི་ནང་དབུལ་ཕྱུག་གི་ཁྱད་པར་ཧ་ཅང་ཡོད་པ་དང་། དབུལ་པོ་ཚོས་ཉིན་རེའི་འཚོ་བའི་ཆེད་དུ་སེམས་ཁྲལ་བྱེད་ཀྱི་ཡོད།  འཛམ་གླིང་ལ་དབུལ་ཕྱུག་གི་ཁྱད་པར་ཉུང་དུ་གཏོང་རྒྱུའི་ནུས་པ་ཡོད་བཞིན་དུ་གོ་མཚོན་ལ་དང་དོད་ཧ་ཅང་བྱས་ནས་ཆེད་མངགས་འགྲོ་སོང་ཕོན་ཆེ་གཏོང་བཞིན་ཡོད། དངོས་གནས་སེམས་སྐྱོ་པོ་རེད།  ཚང་མས་ཁ་ནས་ཞི་བདེ་ཟེར་བཞིན་ཡོད།   ཞི་བདེ་ཟེར་བ་སྨོན་ལམ་བརྒྱབ་པ་ཙམ་གྱིས་བསྒྲུབ་ཐབས་མེད།   ང་ཚོས་ཞི་བདེ་ཡོང་བར་འབད་བརྩོན་བྱེད་དགོས། བདག་ཉིད་ཆེན་པོ་གན་དྷིས་འཚེ་མེད་ཞི་བའི་ཐབས་ལམ་ལག་བསྟར་ཇི་ལྟར་དགོས་པའི་ལམ་སྟོན་གནང་བ་ལྟར། དཀའ་ངལ་ཇི་འདྲ་ཞིག་ཡིན་ནའང་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་པ་ཞིག་དང་། སེལ་དགོས་པ་ཞིག་ཀྱང་ཆགས་ཡོད།   རྒྱ་གར་ནང་ལ་མཚོན་ན་ལོ་ངོ་ ༣༠༠༠ གོང་འཚེ་མེད་ཞི་བའི་ལྟ་གྲུབ་དང་སྙིང་རྗེའི་ཉམས་ལེན་དར་འཕེལ་ཧ་ཅང་བྱུང་ཡོད། དེ་ནི་རྒྱ་གར་གྱི་རིག་གཞུང་རེད། སྟོན་པ་ཤཱཀྱ་ཐུབ་པ་དང་རྒྱལ་བ་དམ་པ་ Mahavira སོགས་ཀྱིས་འཚེ་བ་མེད་པ་དང་སྙིང་རྗེའི་ཉམས་ལེན་གནང་ནས་ཕེབས་པ་རེད། དེང་སྐབས་འཛམ་གླིང་ནང་རྒྱ་གར་གྱི་འཚེ་བ་མེད་པའི་ལྟ་གྲུབ་དང་སྙིང་རྗེའི་ཉམས་ལེན་དེ་དག་དངོས་འབྲེལ་དགོས་མཁོ་ཧ་ཅང་ཡོད་པ་ཞིག་ཆགས་འདུག

བདག་ཉིད་ཆེན་པོ་གན་དྷིས་འཚེ་མེད་ཞི་བའི་ཐབས་ལམ་ལམ་སྟོན་གནང་བ་བཞིན། ཨ་ཕི་རི་ཁས་གཙོས་ལུང་པ་མང་པོ་ཞིག་གི་ནང་དུ་མི་མང་པོ་མེས་པོ་དམ་པ་གན་དྷིའི་རྗེས་འབྲང་བ་ཆགས་ཡོད། དེ་བཞིན་ཨ་རིའི་ནང་ལ་མཚོན་ནའང་མི་རིགས་ནག་པོའི་ཐོབ་ཐང་འཐབ་རྩོད་པ་གྲགས་ཅན་སྐུ་ཞབས་མར་ཊིན་ལུ་ཐར་ཀིངྒ་ Rev. Martin Luther King Jr མཆོག་ནི་མཐའ་གཅིག་ཏུ་བདག་ཉིད་ཆེན་པོ་གན་ངྷིའི་འཚེ་མེད་ཞི་བའི་ལམ་ལ་རྒྱབ་སྐྱོར་ཞུས་ནས་ཕེབས་པ་རེད།

འཛམ་གླིང་སྤྱི་ལ་ཞབས་འདེགས་བསྒྲུབ་སླད་རྒྱ་གར་བ་ཚོས་རང་གི་གནའ་བོའི་རིག་གཞུང་དེ་དག་རྒྱ་གར་ནང་སླར་གསོ་བྱེད་དགོས། གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་ལམ་ལུགས་ཤིག་བཟོ་དགོས་ན་རྒྱ་གར་ཁོ་ནས་བྱེད་ཐུབ་པ་ལས་གཞན་སུས་ཀྱང་བྱེད་ཐུབ་ཀྱི་མ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་སློབ་ཕྲུག་ཁག་གཅིག་གི་དྲི་བར་བཀའ་ལན་སྩལ་ཏེ་ཆུ་ཚོད་ ༡༡ ཙམ་ལ་མཛད་རིམ་ལེགས་པར་གྲོལ་ཡོད་པ་བཅས།།

                                                                                                                                                                                                                                                         པར་པ་པ་སངས་དོན་གྲུབ་ལགས།