ཟླ་བ་ ༡ ཚེས ༡༣ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༣ རེས་གཟའ་ཟླ་བ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་བཞུགས་སྒར་དགའ་ལྡན་འཕེལ་རྒྱས་གླིང་ཚོགས་ཁང་དུ་བོད་རིགས་དང་། སོག་པོ། ར་ཤི་ཡ། ཀོ་རི་ཡ་སོགས་མི་གྲངས་ ༢༥༠ ལྷག་ཙམ་ལ་བཀའ་སློབ་སྩལ་དོན།

དེ་རིང་འདིར་གནས་ཁྱད་པར་ཅན་རྡོ་རྗེ་གདན་ལ་ནང་པའི་ཡུལ་གྲུ་ག་ས་ག་ནས་གནས་སྐོར་ལ་ཡོང་གི་ཡོད་པ་དང་། དེ་རིང་ང་ཚོ་འདིར་ཐུག་པ་རེད། དེང་སང་འཛམ་བུའི་གླིང་འདིའི་སྒང་ལ་སྔར་ནང་པའི་ཆོས་མ་དར་སའི་ལུང་པ་དག་ལ་ཡང་མཁས་དབང་དང་། ཚན་རིག་པ་སོགས་ནང་ཆོས་ཀྱི་ལྟ་གྲུབ་དང་། ནང་ཆོས་ལ་དོ་སྣང་བྱེད་མཁན་ཡོང་གི་འདུག ང་ཚོས་མི་རབས་མང་པོ་ཞིག་ལ་ནང་པའི་ཆོས་ཐོས་བསམ་སྒོམ་གསུམ་གྱིས་ཉམས་ལེན་བྱས་ནས་བསྡད་ཡོད་པས་བསྐལ་པ་བཟང་པོ་ཡིན་བསམ་དགོས་པ་དང་། ང་ཚོའི་མེས་པོ་ཚོས་བོད་གངས་ཅན་གྱི་ལྗོངས་ལ་ནང་པའི་ཆོས་རྩ་ཆེན་པོ་འདི་སྤེལ་འདུག་པས། ང་ཚོ་ཚང་མ་བསོད་ནམས་ཆེན་པོ་ཡིན། དལ་འབྱོར་གྱི་མི་ལུས་ཞེས་པ་དལ་བརྒྱད་འབྱོར་བཅུ་ཚང་བ་སྟེ། མི་ཁོམ་པ་བརྒྱད་དང་བྲལ་བའི་ཆ་ནས་དལ་བ། རང་འབྱོར་ལྔ་དང་གཞན་འབྱོར་ལྔ་ལྡན་པའི་ཆ་ནས་འབྱོར་བ་ཞེས་དལ་འབྱོར་གྱི་ཆོས་བཅོ་བརྒྱད་བཤད་ཀྱི་ཡོད། སོག་རིགས་དང་ཀོ་རི་ཡ། ང་ཚོ་ཚང་མ་ཕ་མེས་ནས་ནང་པའི་ཆོས་བྱེད་མཁན་ཆགས་ཡོད་པས་བསོད་ནམས་ཆེན་པོ་དང་བསྐལ་པ་བཟང་པོ་ཡིན།
བོད་པ་ལ་ཆག་བཞག་ན། བོད་པ་རྣམས་ལུང་པ་འདྲ་མི་འདྲའི་ནང་ལ་གཞིས་ཆགས་ཡོད་པ་དང་། ཆི་ཁ་གོ་(Chicago)ལ་ཡང་བོད་པ་ཚོ་ཁག་གཅིག་ཡོད། བོད་པ་ཚོ་ཁག་དེ་ཆི་ཁ་གོ་ལ་ལེན་མཁན་གྱི་ལས་ཀའི་རྐང་འགན་ལེན་མཁན་པིར་ཟི་ཁར་Pritzker ཟེར་བའི་ཁྱིམ་ཚང་འབྱོར་ལྡན་ཞིག་གི་ནང་མི་ཨ་ཅག་ཅིག་ཡོད། པིར་ཟི་ཁར་གྱི་ནང་མིའི་ཨ་ཅག་དེས་ང་ལ་”འདིར་བོད་པ་ལེན་རྒྱུ་དེ་སྐྱབས་བཅོལ་བ་ལ་རོགས་བྱེད་པའི་འདུ་ཤེས་གཙོ་བོ་མིན་པར། ཀུན་སློང་གཙོ་བོ་དེ་བོད་པར་ཡ་རབས་ཀྱི་གཤིས་ཀ་ཞིག་ཡོད་པ་དེ། ཉེ་ཁོར་གྱི་ཡུལ་བ་ཚོ་ལ་འཇགས་ན་བསམ་པའི་རེ་བ་ཡིན་”ཞེས་ལབ་མྱོང་། དེ་བཞིན་དུ་རྒྱ་གར་ནང་གི་བོད་པ་གཞིས་ཆགས་ཡོད་སའི་ས་ཆ་ཁག་ཁ་ཤས། དཔེར་ན། ད་ལྟ་ངས་དྲན་སོས་པ་ཞིག་ལ་ཨོ་རི་ས་བོད་པའི་གཞིས་ཆགས། དེ་རིང་འདིར་ཨོ་རི་ས་ནས་ཡིན་ཟེར་མཁན་ཁ་ཤས་བྱུང་སོང་། ཐོག་མར་གཞིས་ཆགས་ཚུགས་པའི་སྐབས་སུ་ང་ཨོ་རི་ས་གཞིས་ཆགས་ལ་སླེབས་སྐབས། ས་གནས་རྒྱ་གར་གྱི་དཔོན་པོ་ཚོས་ང་ལ་”བོད་པ་རྣམས་འཛུགས་སྐྲུན་བྱེད་རྒྱུའི་མཚོན་པའི་ལས་ལ་ཧུར་བོ་ཡོད་པས། ནམ་རྒྱུན་ས་གནས་ཀྱི་ཡུལ་བ་རྣམས་ལས་ཀ་ལ་ཧུར་བརྩོན་མི་བྱེད་ཀྱང་། བོད་པ་སླེབས་པ་ནས་དེའི་མིག་ལྟོས་དེ་ཡུལ་བ་ཚོ་ལ་འཇགས་ནས། ལུང་པ་འཛུགས་སྐྲུན་བྱེད་པའི་ཐོག་ལ་ཤུགས་ནུས་ཆེ་རུ་ཕྱིན་ཏེ་ཧ་ཅང་ཡག་པོ་བྱུང་སོང་”ཟེར་མཁན་བྱུང་།
བོད་པ་རྣམས་ལུང་པ་འདྲ་མི་འདྲའི་ནང་ལ་སླེབས་ཡོད་པ་དང་། ཞབས་འདྲེན་ཞུ་མཁན་ཡང་ཁ་ཤས་ཡོང་གི་ཡོད་པ་དེ་ཆོས་ཉིད་རེད། སྤྱི་ཡོངས་ཀྱི་ཆ་ནས་བོད་མི་བཙན་བྱོལ་བ་ཚོ་ལ་མཐོང་ཚུལ་ཧ་ཅང་ཡག་པོ་ཡོད་པས། བོད་མི་རིགས་ཀྱིས་ཕ་མེས་ནས་ཡ་རབས་སྤྱོད་བཟང་བྱས་ནས་ཡོད་པའི་གོམས་གཤིས་བཟང་པོ་དེས། འཛམ་བུའི་གླིང་འདིའི་སྒང་ལ་ཡ་རབས་སྤྱོད་བཟང་གོང་འཕེལ་གཏོང་དགོས་ཀྱི་འདུག་ཅེས་བཤད་ཀྱི་ཡོད་ལ་དེ་ལྟར་བྱེད་དགོས་པ་རེད། དངོས་གནས་དྲང་གནས་འཚེ་བ་ཡོད་པའི་ལུང་པ་གཅིག་གིས་གཅིག་ལ་གནོད་འཚེ་བྱས། གཅིག་གིས་གཅིག་ལ་བསམ་གནག་བྱེད་པའི་འཛམ་བུའི་གླིང་འདིའི་སྒང་ལ་བོད་པས་ཡ་རབས་དང་། སེམས་པ་བཟང་པོ་བྱེད་པ་དེ་དགོས་མཁོ་ཡོད་པ་ཞིག་ཆགས་ཡོད་པར་མ་ཟད། དཔེ་མཚོན་ལྟ་བུ་དེ་བོད་པ་ཡིན། བོད་པ་ལ་ལྟོས་དང་དངོས་གནས་དྲང་གནས་ཡ་རབས་དང་། སེམས་བཟང་པོ་འདུག་པས་བོད་པ་རྣམས་སེམས་སྐྱིད་པ་ཡོད། ངས་ད་ལྟ་ལབ་པ་བཞིན། ས་ཆ་གང་དུ་ཕྱིན་ཡང་བོད་པ་ཟེར་ན་དགའ་བོ་བྱེད་ཀྱི་འདུག་པས། ང་ཚོས་འཛམ་བུའི་གླིང་འདིའི་སྒང་ལ་ཡ་རབས་སྤྱོད་བཟང་གོང་འཕེལ་གཏོང་དགོས་ཀྱི་འདུག
ད་ལྟ་འཛམ་བུའི་གླིང་གི་གནས་སྟངས་དེ་འཁྲུག་པ་བརྒྱབ། གསོད་རེས་བཏང་། མདོར་ན། ཆོས་ཀྱི་དད་པ་ཡང་ཕྱོགས་ཕྱོགས་འཐེན་བྱེད་པའི་རྒྱུ་རྐྱེན་ལ་ཕྱིན་ནས་གསོད་རེས་གཏོང་བ། དཔེར་ན། ཁ་ཆེ་ལུང་པ་ཚོར་སུན་ནེ་(Sunni)དང་ཤཱེ་ཡ་(Shia)ཕན་ཚུན་གསོད་རེས་གཏོང་བ་དང་། བྷང་ལ་དྷེ་ཤི་(Bangladesh)ལ་ནང་པ་དང་ཁ་ཆེ་བར་གསོད་རེས་གཏོང་བ་སོགས་ཧ་ཅང་ཐབས་སྐྱོ་བོ་རེད། སྤྱིར་དེ་ལྟ་བུའི་འཛམ་བུའི་གླིང་འདིའི་སྒང་གི་མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ། ཚན་རིག་པ་ཚོས་ཀྱང་བརྩེ་བ་ཅན་ཞིག་རེད་ཟེར། རྒྱུ་མཚན་མི་ནི་སྤྱི་ཚོགས་ལ་བརྟེན་ཡོད་པས། སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་ཅི་འདྲ་ཞིག་ཡིན་ན་ཡང་། རང་བཞིན་གྱིས་སྤྱི་ཚོགས་དེའི་ནང་ལ་བརྩེ་བ་ཡོད། གང་ལགས་ཤེ་ན། སོ་སོ་འཚོ་བ་དེ་སྤྱི་ཚོགས་དེ་ལ་བརྟེན་དགོས་པས་ཡིན། དེར་བརྟེན་སྤྱིར་བཏང་འགྲོ་བ་མིའི་རིགས་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་ཤིག་ཡིན་ཙ་ན། ལྷན་སྐྱེས་ཀྱི་བརྩེ་བ་ཡོད་པ་རེད་ཅེས་ཚན་རིག་པས་ཀྱང་ཟེར་གྱི་འདུག ཅི་ཙམ་གྱིས་སེམས་བཟང་པོ་བྱས་ནས་བརྩེ་བ་ཡོད་ན་ལུས་པོའི་བདེ་ཐང་ཡག་པོ་ཡོང་ན་ཡང་། ཁོང་ཁྲོ་ཟས། ཕྲག་དོག་བྱས། ཞེད་སྣང་བྱས་པ་ཡིན་ན་ནད་རིགས་སྔོན་འགོག་མ་ལག་(Immune system)ཉུང་དུ་འགྲོ་ཡི་འདུག་ཟེར་བས། ཆོས་ཁས་མ་བླངས་ན་ཡང་ཡ་རབས་དང་སེམས་པ་བཟང་པོ་བྱས་ན་སོ་སོའི་མི་ཚེ་སྐྱིད་པ། ཁྱིམ་ཚང་སྐྱིད་པ། སོ་སོ་གང་དུ་ཡོད་སའི་སྤྱི་ཚོགས་དེ་སྐྱིད་པོ་ཞིག་ཡོང་གི་ཡོད།
བོད་གངས་ཅན་གྱི་ལྗོངས་དེ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་པ་ལ་ལོ་རྒྱུས་ཀྱི་ཐོག་ནས་གནས་ཚུལ་མང་པོ་ཡོད་ཅིང་། ལུང་ལ་ཆག་བཞག་ན་ཡང་བཅོམ་ལྡན་འདས་རང་ཉིད་ཀྱིས་མ་འོངས་པར་ཁ་བ་གངས་ཅན་དེ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་ཞེས་ལུང་བསྟན་གནང་ཡོད། དེར་བརྟེན་ང་ཚོ་བོད་པ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་གི་མི་ཡིན་པས། རང་བཞིན་གྱིས་སེམས་པ་བཟང་པོ་ཡོད། ཆུང་ཆུང་སྐབས་ནས་འབུ་ཞིག་ཡིན་ན་ཡང་གསོད་རྒྱུ་ཡོད་པ་མ་རེད་ཅེས་ང་ཚོའི་གོམས་གཤིས་ལ་འཇགས་ཡོད། བོད་པའི་ཡ་རབས་ཀྱི་སྤྱོད་པ་བཟང་པོ་དེ་བོད་མི་རིགས་ཀྱི་ཁྱད་ཆོས་རེད་ལ། འཛམ་བུའི་གླིང་འདིའི་སྒང་ལ་མིག་དཔེ་སྟོན་ཐུབ་པ་ཞིག་བྱེད་དགོས། ད་ལྟའི་བར་དུ་ཡག་ཐག་ཆོད་བྱུང་ཡོད་པ་དང་། ད་དུང་ཡང་ཚང་མས་བོད་པའི་རང་བཞིན་གྱི་ཡ་རབས་དྲང་མོ་དྲང་བཞག་དང་། སེམས་པ་བཟང་པོ་བྱེད་པ་དེ་གལ་ཆེན་པོར་རྩིས་ནས། ཡིན་གཅིག་མིན་གཅིག་བདག་པོ་རྒྱག་དགོས།
བོད་དོན་གྱི་གནས་ཚུལ་ལ་ཆག་བཞག་ན་ཡང་ཅི་ཙམ་གྱིས་བོད་མིས་ལོ་སྟོང་ཕྲག་ལྷག་གི་ཆོས་དང་རིག་གཞུང་དེ། སོ་སོའི་སྐད་ཡིག་ནང་ལ་ཆ་ཚང་ཡོད་པ་དང་། བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་དེ་ཡང་བོད་ཡིག་ནང་ལ་ཡོད་པས། མི་རིགས་དང་རིག་གཞུང་ཚད་མཐོ་བོ་ཡོད། ལོ་སྟོང་ཕྲག་གི་རིང་ལ་རིག་གཞུང་དེ་གོམས་ནས། ཡ་རབས་བཟང་སྤྱོད་ལྡན་པ་ཞིག་ཆགས་ཡོད་དུས། དེང་སང་རྒྱ་མིའི་ནང་ནས་ཀྱང་བོད་ཀྱི་ནང་ཆོས་ལ་དམིགས་བསལ་གྱིས་དོ་སྣང་དང་སློབ་སྦྱོང་བྱས་ཏེ། ནང་ཆོས་ཉམས་ལེན་བྱེད་མཁན་མང་དུ་མང་དུ་འགྲོ་ཡི་འདུག གང་ལྟར་བོད་ཡིག་ནང་ལ་ཡོད་པའི་ང་ཚོའི་ཆོས་དང་རིག་གཞུང་དེ་མི་རིགས་ཟུར་གསལ་ཡིན་པའི་མཚོན་རྟགས་ཆགས་ཡོད་པས། ཆབ་སྲིད་ཀྱི་ཐོག་ནས་བཤད་ན་ཡང་ཅི་ཙམ་གྱིས་བོད་པར་ཆོས་དང་རིག་གཞུང་དམིགས་བསལ་ཅན་ཞིག་ཡོད་པ་དེར་བདག་པོ་ཡག་པོ་ཞིག་རྒྱག་ཐུབ་ན། དེའི་ཚོད་ཀྱིས་མི་རིགས་ཀྱི་རྣམ་དབྱེ་ཐོན་ཐུབ་པ་དང་། དེ་དང་འབྲེལ་ནས་མི་རིགས་ཀྱི་ཐོབ་ཐང་གི་སྐད་ཆ་ཡང་ཡོང་གི་རེད།
དབུ་མའི་ལམ་ཟེར་བ་དེ། ང་ཚོས་རང་བཙན་ཞེས་བཤད་ན་ཤིང་སྟག་སིམ་ལའི་ཆིངས་ཡིག་(སྤྱི་ལོ་ ༡༩༡༤ ཟླ་ ༧ ཚེས་ ༣ ཉིན་བཞག)ནང་ལ་བོད་ཕྱི་ནང་གཉིས་ཕྱེ་སྟེ། བོད་ཕྱི་མ་ལབ་ན་རང་སྐྱོང་ལྗོངས་ཀྱི་ཁུངས་སམ། དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་དེ་ཡིན། བོད་ནང་མ་ལབ་ན་མདོ་སྟོད་སྨད་གཉིས་ཡིན། བོད་ཕྱི་མ་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་ལ་མི་གྲངས་ས་ཡ་གཉིས་མ་ཟིན་ཙམ་ཞིག་མ་གཏོགས་མེད་པས། ང་ཚོས་བོད་མི་རིགས་དེ་རྒྱ་ནག་གི་རྩ་ཁྲིམས་ནང་ལ་སྡོད་ཀྱི་ཡིན་ཟེར་བ་དེ། རྒྱ་ནག་གི་རྩ་ཁྲིམས་ནང་ལ་བོད་རིགས་ཀྱི་ས་ཁུལ་ཡིན་པ་ལ་ངོས་འཛིན་གསལ་བོ་ཡོད་པའི་བོད་རིགས་རང་སྐྱོང་ལྗོངས་དང་། རང་སྐྱོང་རྫོང་། རང་སྐྱོང་ཁུལ་ཞེས་ས་ཁུལ་དེ་དག་ཚང་མ་ལ་ཐོབ་ཐང་གཅིག་པ་ཡོད་དགོས་པ། བོད་པའི་སྐད་ཡིག་ལ་བདག་པོ་རྒྱག་པ་དང་འབྲེལ་ནས། བོད་པའི་ཆོས་དང་རིག་གཞུང་དེ་དག་ལ་ཐོབ་ཐང་གཅིག་པ་དགོས་ཀྱི་ཡོད་ཅེས་བཤད་ཀྱི་ཡོད། དོན་དག་དེ་ལྟར་བཤད་ན་མི་གྲངས་ས་ཡ་དྲུག་ནས་བདུན་བཤད་ཀྱི་ཡོད་པས་གནད་འགག་ཡོད། ད་ལྟ་བོད་པའི་བསམ་བློའི་ནང་ལ་ཆོལ་ཁ་གསུམ་གྱི་བོད་རིགས་ཡོངས་རྫོགས་གཅིག་གྱུར་ཡིན་པའི་འདུ་ཤེས་ཧ་ཅང་ཡག་པོ་འདུག་པས། བོད་ཕྱི་མ་རྐྱང་རྐྱང་གི་རང་བཙན་ལབ་བསྡད་ན། ས་ཆ་རྒྱ་ཆུང་ཆུང་ཆགས་པ་དང་། བོད་རིགས་ཡོངས་རྫོགས་ཀྱི་སྐད་ཆ་བཤད་ན། བོད་ནང་མ་ཞེས་པའི་མདོ་སྟོད་སྨད་ཀྱི་ས་ཁུལ་དེ་དག་ཚང་མ་གཅིག་གྱུར་ཆགས་པས། ང་ཚོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་ནང་ལ་འདུག་རྒྱུ་ཡིན། རྒྱ་ནག་གི་རྩ་ཁྲིམས་ནང་ལ་བོད་རིགས་ཀྱི་ངོས་འཛིན་ཡོད་པའི་ས་ཁུལ་དེ་དག་ཚང་མ་ལ་ཐོབ་ཐང་གཅིག་པ་དགོས་པ་དང་། དེང་སང་རྒྱ་རིགས་ནང་ལ་བོད་ཀྱི་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་ལ་འགྲོ་ཡི་ཡོད་པ་དེ། ལོ་ཁ་ཤས་གོང་པེ་ཅིང་གཙུག་ལག་སློབ་གཉེར་ཁང་(Beijing University)གིས་རྒྱ་ནག་ནང་ལ་ནང་པ་ག་ཚོད་ཡོད་མེད་ཞིབ་འཇུག་བྱས་པར། དེ་དུས་ནང་པ་ས་ཡ་སུམ་བརྒྱ་ལྷག་ཅིག་འདུག་ཟེར། དེང་སང་རྒྱ་ནག་ནང་ལ་ནང་པ་ས་ཡ་བཞི་བརྒྱ་མ་ཟིན་ཙམ་ཡོད་བཟོ་འདུག ལོ་རེ་ནས་ལོ་རེར་ནང་པ་མང་དུ་འགྲོ་ཡི་འདུག རྒྱ་རིགས་ནང་པ་དེ་ཚོས་བོད་ཀྱི་ནང་པའི་ཆོས་ལ་ཧ་ལས་པའི་དགའ་མོས་བྱེད་པར་བརྟེན། ང་ཚོས་ཁ་བྲལ་བྱེད་པའི་སྐད་ཆ་མི་བཤད་པར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་ལ་བསྡད་ནས། བོད་མི་རིགས་ལ་ཆོས་དང་རིག་གཞུང་གཏིང་ཟབ་ཅིག་ཡོད་པ་དེ་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་བྱེད་རྒྱུ་དེ་བཤད་ཀྱི་ཡོད།
བོད་པས་ཆོས་དང་རིག་གཞུང་གཏིང་ཟབ་ཅིག་ལ་བདག་པོ་བརྒྱབ་པ་དེས། སྔར་ནས་འབྲེལ་བ་ཡོད་པའི་ཧི་མ་ལ་ཡའི་རི་རྒྱུད་དེ་དག་ནས། བར་སྐབས་མི་མང་པོ་ཞིག་ང་ཚོའི་ཆོས་སྒར་ཁག་ལ་འཛུལ་ཞུགས་བྱས་ནས་སློབ་སྦྱོང་བྱེད་པ། དཔེར་ན། གདན་ས་ཁག་གི་ནང་ལ་ཆག་བཞག་ན་ཧི་མ་ལ་ཡའི་རི་རྒྱུད་ནས་རྒྱ་གར་མི་རིགས་ཧ་ལམ་སྟོང་ཕྲག་བཞི་ལྔ་ཞིག་གིས་སློབ་སྦྱོང་བྱེད་ཀྱི་ཡོད་པར་མ་ཟད། གཅིག་གྱུར་གྱིས་བོད་ཀྱི་ཆོས་དང་རིག་གཞུང་ཉམས་ལེན་བྱེད་མཁན། ཧི་མ་ལ་ཡའི་རི་རྒྱུད་ནུབ་ལ་དྭགས་ནས་ཤར་མོན་བར་དུ་བོད་པར་འབྲེལ་བ་ཤུགས་ཆེན་པོ་ཡོད།

 དེ་དག་གིས་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་གིས་ཧ་ཅང་ཡར་རྒྱས་འགྲོ་ཡི་འདུག་པར་བརྟེན། ཕྱོགས་གཅིག་ནས་ང་ཚོ་བཙན་བྱོལ་བ་ཆགས་པ་སེམས་སྐྱོ་བོ་ཡིན་ན་ཡང་། ཕྱོགས་གཅིག་ནས་བསམ་བློ་བཏང་ན་བོད་ལ་ཆོས་དང་རིག་གཞུང་གཏིང་ཟབ་ཅིག་ཡོད་པ་དེ། བོད་པ་རྐྱང་རྐྱང་གིས་བདག་པོ་བརྒྱབ་ནས་སྡོད་པ་མིན་པར། སྔོན་དང་པོ་ཧི་མ་ལ་ཡའི་རི་རྒྱུད་ནས། རྒྱ་གར་ནང་ལ་ཡང་ནང་པ་གང་ལ་གང་འཚམ་ཡོད།

འཛམ་བུའི་གླིང་སྤྱི་ལ་ཆག་བཞག་ན་ཡང་ང་ཚོས་ནང་པའི་ཡུལ་གྲུ་མང་པོ་ཞིག་ལ་འབྲེལ་བ་བྱེད་ཀྱི་ཡོད། དཔེར་ན། ཀོ་རི་ཡའི་ཆོས་གྲོགས་ཚོ་ལོ་རྟག་པར་དྷ་རམ་ས་ལར་ཡོང་ནས་ངས་ཆོས་འབྲེལ་བྱེད་ཀྱི་ཡོད། དེ་བཞིན་དུ་ཝི་ཏི་ནམ་དང་རྒྱ་རིགས། ཉི་ཧོང་སོགས་མང་པོ་ཞིག་ཡོང་གི་ཡོད་པས། བོད་པས་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ནང་པའི་ཆོས་ལ་བདག་པོ་བརྒྱབ་པ་དེ། འཛམ་བུའི་གླིང་སྤྱི་ལ་བགོ་བྱ་རྒྱག་རྒྱུ་ཡོད་པའི་དུས་ཚོད་ལ་སླེབས་ཡོད། དེར་བརྟེན་ངས་ནམ་རྒྱུན་བོད་པ་ཚོ་སོ་སོའི་ལུང་པ་དང་བྲལ་ནས་བཙན་བྱོལ་བ་ཆགས་པ་དེ་ཧ་ཅང་ཐབས་སྐྱོ་བོ་ཡིན་ན་ཡང་། རྐྱེན་ངན་གྲོགས་ལ་ཤར་བ་ལྟ་བུ་ཞིག་གིས། རྐྱེན་ངན་བྱུང་བ་དེས་བོད་པ་ཤེས་ཡོན་ཅན་མང་པོ་ཞིག་རང་དབང་ལུང་པར་སླེབས། འཛམ་བུའི་གླིང་ཤར་ནུབ་གང་སར་འབྲེལ་བ་ཞིག་ཆགས་ཡོང་དུས། དེ་སྔ་བོད་པའི་ཆོས་དང་རིག་གཞུང་མི་ཤེས་མཁན་དེ་དག་གིས་གཞི་ནས་བོད་པར་ཆོས་དང་རིག་གཞུང་གཏིང་ཟབ་ཅིག་འདུག་ཅེས་དགའ་མོས་བྱེད་མཁན་ཤུགས་ཆེ་རུ་འགྲོ་ཡི་འདུག་པ་དེ། རྐྱེན་ངན་གྲོགས་ལ་ཤར་བ་ཞིག་རེད། ད་དུང་ཡིན་ན་ཡང་བོད་རིགས་ཡིན་ནོ་ཅོག་དང་། དེ་བཞིན་དུ་བོད་ཀྱི་ཆོས་དང་རིག་གཞུང་ཉམས་ལེན་བྱེད་མཁན་སོག་རིགས་ཚོར་ཆག་བཞག་ན་ཡང་། བོད་ཀྱི་ཆོས་དང་རིག་གཞུང་ཉམས་ལེན་བྱེད་མཁན་གཅིག་གྱུར་ཡིན། ཀོ་རི་ཡར་ཆག་བཞག་ན་ཡང་སངས་རྒྱས་པའི་ཆོས་སྤྱི་དང་། ལྷག་པར་ནཱ་ལེནྡྲའི་ཆོས་རྒྱུད་ཉམས་ལེན་བྱེད་མཁན་དང་། ཤེས་རབ་སྙིང་པོ་འདོན་མཁན་གཅིག་གྱུར་ཡིན་པས། ང་ཚོ་ཚང་མས་འཛམ་བུའི་གླིང་འདིའི་སྒང་ལ་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་གྱི་ཆོས་པ་ཚོ་དངོས་གནས་སེམས་པ་བཟང་པོ་དང་། གཞན་ཕན་སྒྲུབ་པ་ལ་མི་འདྲ་བ་ཞིག་འདུག་ཅེས་དོ་སྣང་བྱེད་ཀྱི་ཡོད་པ་ལྟར། ད་དུང་དེ་ལྟ་བུའི་དོ་སྣང་ཤུགས་ཆེ་རུ་འགྲོ་ཐུབ་པར་ཚང་མས་འབད་བརྩོན་གནང་རོགས། བོད་ཀྱི་དོན་དག་ལ་ཡང་དེས་ཕན་གྱི་ཡོད་པར་མ་ཟད། འཛམ་གླིང་ཞི་བདེ་ལ་ཡང་དེས་ཕན་གྱི་ཡོད། ཤེས་སོང་ངམ། དེ་ག་རང་ཡིན། བཀྲ་ཤིས་བདེ་ལེགས།